ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

ཨེ་ཤ་ཡར་གྲང་དམག་གསར་བ་འབྱུང་རྒྱུའི་སྔ་ལྟས།


གཟའ་འཁོར་སྔོན་མར་རྒྱ་ནག་དང་ཨུ་རུ་སུའི་ཆེས་མཐོའི་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་པ་ཚོ་བྱང་ཀོ་རི་ཡར་བསྐྱོད་དེ་བྱང་ཀོ་རི་ཡའི་དམག་མི་དང་གོ་མཚོན་ལ་ལྟ་སྐོར་སོགས་ནམ་རྒྱུན་མཐོང་དཀོན་པོ་ཡིན་པའི་ངོམས་སོ་ཆེ་བའི་འཚམས་གཟིགས་ཤིག་བྱས་ཡོད། སྐབས་དེར་གྲང་དམག་སྐབས་སུ་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་དམག་འཐབ་བྱས་མྱོང་བར་ཕྱིར་དྲན་དང་། མུ་མཐུད་དུ་འཐབ་གྲོགས་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་པ་བརྗོད་ཡོད། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་ཨ་རིས་མུ་མཐུད་དུ་ཧིན་རྡུ་རྒྱ་མཚོའི་མངའ་ཁོངས་ཀྱི་བདེ་འཇགས་ལ་དང་དོད་ཆེན་པོ་བྱེད་བཞིན་ཡོད་ལ། དེའི་བར་ན་རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ་གསུམ་གྱིས་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བཞིན་པ་བཅས་ནི་ཨེ་ཤ་ཡའི་གླིང་ལ་གྲང་དམག་གསར་བ་ཞིག་གི་མགོ་འཛུགས་རྒྱུའི་སྔ་ལྟས་ཡིན་པ་རེད།

ཇཱོར་ཇི་བྷུ་ཤུ་ཐེབས་རྩའི་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་རྒན་པ་ལི་ཁྲིན་ཞན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་བྱེད་ན། དུས་རབས་ཉི་ཤུའི་ནང་ལ་དམར་ཤོག་དང་དམངས་གཙོའི་རྒྱལ་ཁབ་ཁག་བར་དུ་ཁྲག་དྲི་བྲོ་བའི་འཐབ་འཛིང་བྱུང་ཏེ་ལོ་ངོ་༧༠་འཁོར་བར་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་གསུམ་གྱིས་དྲན་གསོ་མཉམ་དུ་ཞུས་ཡོད། འདི་ནི་དུས་རབས་༢༡་ལ་གྲང་དམག་གསར་བ་ཞིག་མགོ་བཙུགས་པའི་རྣམ་འགྱུར་གསལ་བོ་ཞིག་ཡིན་འདུག སྤྱི་ཟླ་༧་ཚེས་༢༧་ཉིན་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་ནས་ལོ་ངོ་༧༠་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་ལ། སྐབས་དེར་རྒྱ་ནག་དང་ཨུ་རུ་སུ་ཡིས་གཞུང་འབྲེལ་མི་སྣ་ཚོ་བྱང་ཀོ་རི་ཡར་ཕེབས་ཏེ་དམར་ཤོག་རྒྱལ་ཁབ་གསུམ་ཚང་འཛོམས་ཀྱིས་གོ་མཚོན་དང་དམག་སྟོབས་ངོམས་སོ་བྱས་ཡོད། འདི་ནི་ཏོག་དབྱིབས་ནད་ཡམས་རྗེས་བྱང་ཀོ་རི་ཡ་སྒོ་འབྱེད་བྱས་པ་ཐོག་མ་ཡིན།

ཨུ་རུ་སུ་ཡི་རྒྱལ་སྲུང་བློན་ཆེན་ཟཱར་གྷེ་ ཕྱཱེ་གྷོ་དང་། རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་དང་རྒྱལ་ཡོངས་མི་མང་འཐུས་མིའི་རྒྱུན་ལས་ཚོགས་གཞོན་ལི་ཧོན་ཀྲུང་གཉིས་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་སོ་སོའི་ཆེས་མཐོའི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཚོས་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨོན་དང་་མཉམ་དུ་བྱང་ཀོ་རི་ཡས་༼རྒྱལ་ཁའི་ཉིན་མོ་༽ཞེས་འབོད་བཞིན་པ་དེ་སྲུང་གཙི་བྱས་པ་མ་ཟད། བྱང་ཀོ་རི་ཡས་དམག་ཤོམ་དང་དམག་གི་གོ་མཚོན་གསར་བ་ཁག་ངོ་སྤྲོད་བྱས་ཡོད། གོ་མཚོན་གསར་བ་དེ་ཚོའི་ནང་དུ་ཟླ་བ་སྔོན་མར་ཚོད་ལྟ་བྱས་པ་ཨ་རིའི་ས་ཐོག་ཏུ་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་མེ་སྐར་༡༨་ཞེས་པ་སོགས་ཚུད་ཡོད་ཅིང་། འདི་ནི་བྱང་ཀོ་རི་ཡས་དམག་གི་གོ་མཚོན་གལ་ཆེ་ཤོས་གྲས་ལ་བརྩི་བཞིན་པ་རེད། རྒྱུན་ལྡན་ཡིན་ན་བྱང་ཀོ་རི་ཡས་རྒྱ་ནག་དང་ཨུ་རུ་སུའི་གཞུང་འབྲེལ་དཔོན་རིགས་ཚོར་གཟབ་གཟབ་བྱེད་སྲོལ་ཡོད་པ་སྟེ། དཔེར་ན་སྤྱི་ལོ་༢༠༡༣་ལོའི་དམག་འཁྲུག་མཇུག་སྒྲིལ་ནས་ལོ་ངོ་༦༠་འཁོར་བའི་སྐབས་ཀྱི་དྲན་གསོའི་མཛད་སྒོར་དམག་གི་རྔམ་སྟོན་སྐབས་སུ་་མེ་ཤུགས་འཕུར་མདའ་འབྲིང་བ་ཞིག་མ་གཏོགས་བསྟན་མེད་པ་རེད།

ལྷོ་ཀོ་རི་ཡར་མཚོན་ན་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བྱུང་ཏེ་ལོ་༧༠་འཁོར་བའི་དུས་དྲན་སྐབས་སུ་བྱང་ཀོ་རི་ཡས་དམག་གི་སྟོབས་ཤུགས་དང་གོ་མཚོན་ངོམས་ཏེ་སྲུང་བརྩི་ཞུ་ས་པར་བློ་ཕམ་བསྟན་འདུག ལྷོ་ཀོ་རི་ཡའི་ཟླ་སྒྲིལ་ལྷན་ཁང་གི་མགྲིན་ཚབ་པ་ཁའུ་བྷོན་སཱམ་ཡིས་བྱང་ཀོ་རི་ཡས་མི་མང་གི་འཚོ་གནས་ལ་སྣང་མེད་ཀྱིས་མེ་ཤུགས་འཕུར་མདའ་འཕངས་པ་དང་རྒྱ་ཆེ་བའི་དྲག་པོའི་དམག་སྟོབས་རྔམ་སྟོན་བྱེད་པ་སོགས་ལ་བློ་ཕམ་ཡོད་ཅེས་བརྗོད་འདུག

རྒྱ་ནག་དང་ཨུ་རུ་སུའི་དཔོན་རིགས་ཚོའི་ལག་ཏུ་རྒྱལ་ཁབ་སོ་སོའི་འགོ་ཁྲིད་གཉིས་ཀྱིས་དངོས་བྲིས་ཡི་གེ་རེ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ལ་སྐུར་ཡོད་ཅིང་། ཞི་ཡིས་ཡི་གེ་དེའི་ནང་དུ་ཡང་ནས་བསྐྱར་དུ་བྱང་ཀོ་རི་ཡའི་དམག་འཁྲུག་གི་སྐབས་སུ་བྱང་ཀོ་རི་ཡ་དང་རྒྱ་ནག་གིས་ཁྲག་གི་འགྲོ་གྲོན་བཏང་ནས་འཐབ་གྲོགས་ཀྱི་མཛའ་བརྩེ་བསྐྱངས་པ་དང་། མ་འོངས་པར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་བརྟན་པོ་ནས་ཇེ་བརྟན་དུ་གཏོང་དགོས་སྐོར་བརྗོད་ཡོད་པ་རེད། ཕུ་ཁྲེན་གྱི་ཡི་གེ་དེའི་ནང་དོན་གཙོ་བོ་ནི་སྔོན་ཆད་ཨུ་རུ་སུའི་དམག་གིས་བྱང་ཀོ་རི་ཡར་དཔུང་རོགས་བྱས་ཏེ་དམག་གི་གནམ་གྲུ་ཁྲི་སྟོང་མང་པོ་བཏང་ཡོད་པ། ད་ལྟ་བྱང་ཀོ་རི་ཡས་ཡུཀ་རེན་གྱི་དམག་འཁྲུག་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་རྒྱལ་སྤྱིའི་གནས་བབ་ནང་ལ་ཨུ་རུ་སུ་དང་མཐུན་ལམ་གཅིག་སྒྲིལ་གྱིས་རྒྱབ་རྩ་ལངས་བཞིན་པ་ནི། ནུབ་ཕྱོགས་པར་ངོ་རྒོལ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་དང་ཐུན་མོང་གི་ཁེ་ཕན་སྐྱོང་དགོས་སྐོར་བརྗོད་ཡོད་འདུག

ལྷོ་ཀོ་རི་ཡའི་གཞུང་འབྲེལ་སྙན་ཐོ་ཞིག་གི་ནང་དུ་ཉེ་ལམ་ནས་བྱང་ཀོ་རི་ཡས་རྒྱལ་སྤྱིའི་སྒང་ལ་ཨུ་རུ་སུ་དང་འབྲེལ་ལམ་ཡག་པོ་ཡོད་པའི་བརྡ་ལན་ཞིག་སྤྲོད་ཐབས་བྱེད་བཞིན་པ་རེད། དེ་མཚུངས་ཀོ་རི་ཡའི་ཟླ་སྒྲིལ་ལྷན་ཁང་གི་དབྱེ་ཞིབ་ཡིག་ཆ་ཞིག་ཏུ་ཡང་གཟའ་འཁོར་སྔོན་མར་ཀེམ་ཇོན་ཨོན་གྱི་ལས་རིམ་བཅུ་ལས་བརྒྱད་ནི་ཨུ་རུ་སུ་ཡི་སྐུ་ཚབ་ཚོགས་པ་དང་འབྲེལ་བ་ཡོད་འདུག དེ་མིན་ཡང་ཧྥ་རན་སི་གསར་ཁང་གིས་ཡུལ་བབ་སྲིད་ཇུས་ཆེད་མཁས་པ་ཞིག་གིས་བརྗོད་པ། གནད་དོན་འདི་ཐམས་ཅད་ཀྱིས་ཀོ་རི་ཡའི་ཕྱེད་གླིང་དུ་གྲང་དམག་གསར་བ་ལངས་རྒྱུའི་ཛ་དྲག་གི་གནས་སྟངས་ཤིག་མཚོན་གི་ཡོད་པ་ལུང་འདྲེན་བྱེད་འདུག

ཀོ་རི་ཡའི་ཕྱེད་གླིང་གི་ཛ་དྲག་གནས་བབ་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་སྲིད་བློན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་སྤྱི་ཟླ་༨་ཚེས་༡༨་ལ་ཨ་རིར་འབོད་བརྡ་བཏང་འདུག རྒྱལ་ཁབ་འདི་གསུམ་གྱིས་བྱང་ཀོ་རི་ཡར་གདོང་ལེན་བྱེད་རྒྱུའི་ཆོད་སེམས་སྟོན་ཆེད་ཐེངས་འདིའི་གྲོས་མོལ་ནི་རྒྱལ་སྤྱིའི་ལྷན་ཚོགས་ལ་སོགས་པའི་ཟུར་ཚོགས་དེ་འདྲ་མ་ཡིན་པར་ཆེད་དོན་རྒྱལ་ཁབ་གསུམ་གྱི་གྲོས་མོལ་ཞིག་ཆགས་གི་ཡོད་ཅིང་། གཟའ་ཟླ་བའི་ཉིན་ལ་ཉི་ཧོང་གི་ཁཱེ་ཌོ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ་ཕྱི་འབྲེལ་མི་སྣ་ཁ་ཤས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱེད་དོན་ལྟར་ན། ད་ལྟ་ནས་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་བར་དུ་ཚེས་༡༨་ཉིན་ལ་འཚོགས་འཆར་གྱི་གྲོས་མོལ་དེའི་སྔོན་འགྲོ་བཀའ་མོལ་གནང་བཞིན་པ་རེད།

ནུབ་ཆིངས་དམག་དོན་སྒྲིག་འཛུགས་སུ་ཨེ་ཤ་ཡའི་བདེ་འཇགས་གནད་དོན་ཐད་ལ་ནང་ཁུལ་དུ་ལྟ་ཚུལ་མ་མཐུན་པ་མང་པོ་ཡོད་ཀྱང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་དང་ཉི་ཧོང་གི་དམག་དོན་འབྲེལ་ལམ་དམ་ཟབ་ཡོད་པ་ད་ལྟ་མངོན་གསལ་ཇེ་ཆེར་འགྲོ་བཞིན་པ་རེད། ཧྥ་རན་སི་ཡི་གནམ་དམག་གིས་གཟའ་འཁོར་སྔོན་མར་ཉི་ཧོང་གི་རང་སྲུང་དམག་མི་དང་མཉམ་དུ་ཐེངས་དང་བོའི་མཉམ་འབྲེལ་དམག་སྦྱོང་བྱས་ཡོད། དེ་མིན་འཇར་མན་གྱི་མཁའ་དམག་ཀྱང་སྔར་ལོ་སྤྱི་ཟླ་དགུ་བར་ཉི་ཧོང་གི་ཧཱ་ཁུ་རེ་དམག་གི་ལྟེ་གནས་སུ་འཕུར་ཡོད། ཡང་ཉི་ཧོང་གི་ཁཱེ་ཌོ་གསར་ཁང་གིས་སྤེལ་བའི་གནས་ཚུལ་དུ་འཆར་གཞི་ལྟར་ན། ཨི་ཌི་ལི་དང་ཨོ་གླིང་གི་མཁའ་དམག་རྣམས་ཀྱང་སྤྱི་ཟླ་བརྒྱད་པར་ཉི་ཧོང་དུ་མཉམ་འབྲེལ་དམག་སྦྱོང་བྱེད་རྒྱུ་ཡིན་པ་དང་། འཇར་མན་དང་ཨི་ཌི་ལི། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་ནས་ཉི་ཧོང་ལ་མཁའ་དམག་གི་དམག་དོན་གནམ་གྲུ་བཏང་བ་ཐོག་མ་ཡིན་འདུག

ཨུ་རུ་སུ་ཡི་རྒྱལ་སྲུང་བློན་ཆེན་ཕྱཱེ་གྷོ་བྱང་ཀོ་རི་ཡར་རྒྱལ་དོན་འཚམས་གཟིགས་ལ་ཡོང་བ་འདི་ནི་ཨུ་རུ་སུ་ཡི་རྒྱལ་སྲུང་བློན་ཆེན་ཞིག་བྱང་ཀོ་རི་ཡར་ཕེབས་པ་ཐོག་མ་ཡིན་ལ། འདི་ནི་ད་ལྟ་ཡུཀ་རེན་དང་དམག་འཐབ་བྱེད་བཞིན་པའི་དམག་འཁྲུག་འདིའི་ཁྲོད་ནས་ཨུ་རུ་སུ་ཡིས་བྱང་ཀོ་རི་ཡའི་མཚམས་གཟིགས་འདི་གནད་འགག་ཆེན་པོར་བརྩིས་པ་མཚོན་གི་ཡོད་པ་རེད། དཔེར་ན་སྤྱི་ལོ་༢༠༡༣་ལོར་ཀོ་རི་ཡའི་དམག་འཁྲུག་མཇུག་སྒྲིལ་ནས་ལོ་༦༠་འཁོར་བའི་དུས་དྲན་སྐབས་སུ་རྒྱ་ནག་གཞུང་གིས་དམར་ཤོག་མགོ་ཁྲིད་གཞོན་པ་ལི་ཡཱན་ཁྲོ་བྱང་ཀོ་རི་ཡར་མངགས་ཤིང་། སྐབས་དེར་ཨུ་རུ་སུ་ཡིས་སུ་གང་མངགས་མེད་པ་རེད།

བྱང་ཀོ་རི་ཡས་ཐེངས་འདིའི་རྒྱ་ནག་གི་སྐུ་ཚབ་ལས་ཀྱང་ཨུ་རུ་སུ་ཡི་སྐུ་ཚབ་ལ་མཐོང་ཆེན་བྱས་ཡོད་པ་སྟེ། ལྷོ་ཀོ་རི་ཡའི་གཞུང་གི་དབྱེ་ཞིབ་ལས། བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨོན་ཨུ་རུ་སུ་ནས་ཡོང་བའི་སྐུ་ཚབ་ཚོགས་པར་ཐེངས་བཞི་ལ་ཟུར་ནས་ཐུག་འཕྲད་བྱས་ཤིང་། རྒྱ་ནག་གི་སྐུ་ཚབ་ཚོ་དང་ཐེངས་གཅིག་ལས་ཐུག་མེད་པ་རེད། དེ་མིན་ཡང་ལྷོ་ཀོ་རི་ཡའི་ཧཱོན་ཧབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལས་བྱང་ཀོ་རི་ཡས་ཐེངས་འདིའི་མཛད་སྒོ་ཁག་ཏུ་ཕྱོགས་ཕེབས་སྐུ་མགྲོན་ངོ་སྤྲོད་སྐབས་སུ་ཨུ་རུ་སུ་ཐོག་མ་དང་རྒྱ་ནག་དེའི་རྗེས་ཡིན་པ། རྟེན་འབྲེལ་ཞུ་ཚིག་བསྒྲགས་སྦྱང་སྐབས་སུ་ཨུ་རུ་སུའི་སྐུ་ཚབ་ཕྱཱེ་གྷོ་ལ་ཨུ་རུ་སུ་སྲིད་འཛིན་ཕུ་ཁྲེན་གྱིས་སྐུར་བའི་ཤིས་ཚིག་བསྒྲགས་སྦྱང་བྱེད་དུ་བཅུག་ཡོད་པ་རེད། ཡང་བྱང་ཀོ་རི་ཡས་གཞུང་འབྲེལ་བརྙན་པར་ཞིག་ཕྱི་བསྒྲགས་བྱེད་པའི་ནང་དམག་སྟོབས་ངོམས་པའི་མཛད་སྒོའི་སྐབས་སུ་རྒྱ་ནག་དང་ཨུ་རུ་སུ་ཡི་དཔོན་རིགས་གཉིས་ཀ་ཀེམ་ཇོན་ཨོན་གྱི་གཡས་གཡོན་དུ་ཡོད་ཀྱང་། ཀེམ་ཇོན་ཨོན་གྱིས་སྐད་ཆ་ཕལ་ཆེ་ཤོས་ཨུ་རུ་སུ་ཡི་སྐུ་ཚབ་དང་མཉམ་དུ་བཤད་ཡོད་འདུག

“Sino-NK”འམ་བྱང་ཀོ་ར་ཡ་དང་རྒྱ་ནག་གི་གནད་དོན་ཞིབ་འཇུག་ཁང་འདིའི་བྱང་ཀོ་རི་ཡའི་གནད་དོན་དབྱེ་ཞིབ་པ་ཨཱན་ཐོ་ནི རཱི་ནཱ་ཡིས་བརྗོད་ན། བྱང་ཀོ་རི་ཡས་རྒྱ་ནག་ལ་དོ་སྣང་བྱེད་དེ་ཨུ་རུ་སུ་ལ་ཡ་མེད་གཏོང་མི་རུང་བ་ཚོར་ཡོད་པ་རེད། དེ་བཞིན་ཨུ་རུ་སུ་ཡིས་ཀྱང་ཉེ་ལམ་ནས་་བྱང་ཀོ་རི་ཡར་ཤུགས་རྐྱེན་ཐེབས་ཐུབ་ཀི་མེད་པ་ཚོར་ནས་བློ་བདེ་བོ་མེད་ཅིང་། བྱང་ཀོ་རི་ཡ་དང་འབྲེལ་ལམ་ཇེ་ཟབ་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་པ་རེད། གཞན་ཡང་རྒྱ་ནག་ནི་སྔར་ལྟར་རྒྱལ་སྤྱིའི་དཔལ་འབྱོར་ཆེ་ཤོས་ཀྱི་མ་ལག་ཅིག་ཆགས་ཡོད་པ་དང་། བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་ནི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁེར་རྐྱང་ལ་ཕུད་ཡོད་པ་རེད། འདི་ནི་གཞི་ནས་བྱང་ཀོ་རི་ཡས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་འབྲེལ་ལམ་གྱི་རྣམ་འགྱུར་མ་འདྲ་བ་གཉིས་བྱུང་དོན་དེ་ཡིན་འདུག ཡང་རཱིས་ནཱ་ཡིས་མུ་མཐུད་དུ་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་རྒྱུར། སྤྱི་ལོ་༢༠༡༩ལོ་ནས་བཟུང་བྱང་ཀོ་རི་ཡས་ཁྲག་གི་འགྲོ་གྲོན་བཏང་ནས་ཞེས་པའི་ཚིག་འདིའི་རིགས་བེད་སྤྱོད་གཏོང་རྒྱུ་ཇེ་མང་དུ་ཕྱིན་པ་མ་ཟད། བྱང་ཀོ་རི་ཡ་དང་ཨུ་རུ་སུ་བར་གྱི་འབྲེལ་ལམ་ལ་འགྲེལ་བརྗོད་བྱེད་སྐབས་ཚིག་འདི་བེད་སྤྱོད་གཏོང་གི་ཡོད། ཡིན་ན་ཡང་དངོས་ཡོད་ཀྱི་འབྲེལ་ལམ་ཁྲོད་དུ་ཨུ་རུ་སུ་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ནང་ལ་རྒྱལ་སྲུང་གནད་དོན་འདི་གལ་ཆེ་ཤོས་སུ་གྱུར་ཡོད་པ་སྟེ། ཨུ་རུ་སུ་ཡིས་ཡུཀ་རེན་ལ་བཙན་འཛུལ་བྱེད་པ་ནས་བྱང་ཀོ་རི་ཡས་ཨུ་རུ་སུ་ཡི་གླས་དམག་ལ་གོ་མཚོན་མཁོ་འདོན་བྱེད་བཞིན་པའི་སྐད་ཆ་ཡོད་ལ། ཨ་མེ་རི་ཀས་དེ་སྔོན་ཨུ་རུ་སུ་ཡི་གླས་དམག་གིས་བྱང་ཀོ་རི་ཡ་ནས་མེ་སྒྱོགས་དང་འཕུར་མདའ་སྐྱེལ་འདྲེན་བྱེད་ཡོད་པའི་སྐྱོན་འཛུགས་བྱས་ཡོད།

ཡང་ཇཱོར་ཇི་བྷུ་ཤུ་ཐེབས་རྩའི་ཞིབ་འཇུག་པ་ལཱི་ཁྲིན་ཞན་ཡིས་བརྗོད་ན་ཨུ་སུ་རུ་ཡི་རྒྱལ་སྲུང་བློན་ཆེན་བྱང་ཀོ་རི་ཡར་བསྐྱོད་པའི་སྐོར་ལ་དོན་སྙིང་གང་འདྲ་ཡོད་མེད་ད་དུང་བཤད་ཁག་པོ་ཡིན་ཡང། དོ་སྣང་བྱེད་འོས་པ་ཞིག་ལ་ཀེམ་ཇོན་ཨོན་གྱིས་ད་ལྟ་ད་དུང་དམག་འཐབ་ཁྲོད་ཡོད་པའི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་ལ་བྱང་ཀོ་རི་ཡའི་དམག་གི་གོ་མཚོན་ངོ་སྤྲོད་བྱས་ཡོད་པ་རེད།

སྤྱི་ཟླ་༧་ཚེས་༢༩་ཉིན་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལན་ཁིན་གྱིས་བསྐྱར་དུ་ཨུ་རུ་སུ་ཡི་རྒྱལ་སྲུང་བློན་ཆེན་བྱང་ཀོ་རི་ཡར་བསྐྱོད་པ་དེའི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སུ་ལ་དམག་གི་གོ་མཚོན་མཁོ་འདོན་བྱེད་བཞིན་པར་བར་ཆད་མི་ཡོང་བའི་ཆེད་དུ་ཡིན་པ་ཐེར་འདོན་བྱས་ཡོད་ལ། ཁོང་གིས་གསར་འགོད་པ་ཚོར་ཨུ་རུ་སུ་ཡིས་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་བ་དང་གོ་མཚོན་འཚོལ་བཞིན་པ་ང་ཚོས་མཐོང་ཐུབ་ཀི་འདུག གོ་མཚོན་གང་ནས་རག་མིན་ལ་མ་ལྟས་པར་ཡུཀ་རེན་ལ་མུ་མཐུད་དུ་བཙན་འཛུལ་བྱེད་བཞིན་པ་རེད་ཅེས་བརྗོད་འདུག

ཡུཀག་རེན་ལ་བཙན་འཛུལ་གྱི་དམག་འཁྲུག་འདིའི་ཁྲོད་དུ་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཉུང་ཤོས་ཤིག་ནས་བྱང་ཀོ་རི་ཡ་ནི་དེའི་ནང་གི་གཅིག་ཡིན། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ལམ་ཁག་ནས་བྱང་ཀོ་རི་ཡའི་ཀེམ་དང་ཨུ་རུ་སུ་ཡི་རྒྱལ་སྲུང་བློན་ཆེན་ཕྱཱེ་གྷེ་གཉིས་ཀྱིས་འཐབ་གྲོགས་ཀྱི་མཛའ་འབྲེལ་ཟབ་མོའི་ངང་ཐུན་མོང་ལ་ཁེ་ཕན་ལྡན་པའི་གནད་འགག་རྙེད་ཡོད་ཚུལ་བརྗོད་ཡོད།

དེ་ལྟར་རུང་ཡང་བྱང་ཀོ་རི་ཡའི་སྐོར་ལ་ཆེད་དོན་དབྱེ་ཞིབ་པ་ཨན་ཐོ་ནི ལེན་ནར་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ཡི་གེ་སྐུར་ནས་འགྲེལ་བརྗོད་བྱེད་པའི་ནང་དུ། རྒྱ་ནག་ལ་མཚོན་ན་གནས་བབ་འདིའི་ནང་ལ་ཨུ་རུ་སུ་ནང་བཞིན་རྒྱལ་སྲུང་བློན་ཆེན་རིམ་པའི་དཔོན་རིགས་བྱང་ཀོ་རི་ཡར་སྐུ་ཚབ་ལ་བཏང་ན་རན་པོ་མེད་པ་རེད། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་སྤྱི་ལོ་༡༩༥༠་ནས་༥༣་ལོ་བར་གྱི་དམག་འཁྲུག་མཇུག་སྒྲིལ་བ་ནས་ད་ལྟ་མཉམ་འབྲེལ་ངང་ནུབ་ཕྱོགས་གི་དམག་དོན་ལ་རྒོལ་ལན་སློག་བཞིན་པའི་དངོས་ཡོད་གནས་སྟངས་ཐོག་ནས་བཤད་ན། སྤྱིར་རྒྱ་ནག་གི་དམག་དོན་གནས་སྟངས་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། ད་ལྟ་རྒྱ་ནག་གིས་དངོས་སུ་རྒྱལ་ཁབ་གཞན་གང་རུང་དང་དམག་འཐབ་བྱེད་བཞིན་མེད་པས། གནས་བབ་འདིའི་ནང་ལ་རན་པོ་མེད་པ་རེད་ཅེས་བརྗོད་འདུག

XS
SM
MD
LG