ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གསར་དུ་ཁྱབ་གདལ། 


༄༅།། རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་དང་ཧྲེན་ཀྲེན་སོགས་ཀྱིས་སླར་ཡང་སློབ་གྲྭ་དང་འགྲེམ་སྟོན་ཁང་། ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ཁག་དང་གློག་བརྙན་ཁང་སོགས་སྒོ་བརྒྱབ་ནས་མི་དམངས་ལ་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་བདུན་ཕྲག་གཅིག་གི་གུང་སེང་སྐབས་སུ་མི་མང་རྣམས་རྒྱལ་ནང་དུ་འགྲིམ་འགྲུལ་བྱས་ནས་བཟུང་། ཕྱི་ཟླ་༨་པའི་ཚེས་༢༠་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བྱུང་མྱོང་མེད་པའི་ཏོག་དབྱིབས་ནད་དུག་གསར་དུ་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་ལ་གསར་དུ་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་ཁག་ནི་ནང་སོག་དང་ཞིན་ཅང་གཙོས་མཐའ་མཚམས་ཀྱི་མཛེས་ལྗོངས་ཁག་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་བསླེབས་ནས་ནད་དུག་ཁྱབ་གདལ་གཏོང་གི་ཡོད་པ་སྟེ། ཧྲང་ཧེ་གྲོང་ཁྱེར་ལ་མི་འབོར་ས་ཡ་༢༥་ཡོད་པ་དང་ཁ་སང་ཕྱི་ཚེས་༡༠་ཉིན་ནད་དུག་འགོས་ཡོད་པའི་མི་༢༨་ཐོན། འདི་ནི་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོས་གྲངས་གནས་གཉིས་ཟིན་པའི་ཉིན་བཞི་པ་དེ་ཡིན་ཞིང་། ད་ལོའི་ཕྱི་ཟླ་༤་པ་དང་༥་པ་གཉིས་ལ་ཧྲང་ཧེ་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས་པ་དེ་འདྲ་ཞིག་བསྐྱར་ཟློས་མི་འབྱུང་བའི་ཆེད་དུ་ཁ་སང་གཟའ་ཟླ་བ་ནས་ཧྲང་ཧེ་གྲོང་ཁྱེར་ལ་རྫོང་ཁག་༡༦་ཡོད་པ་ཚང་མར་ཕྱི་ཟླ་༡༡་པའི་བར་དུ་བརྟག་དཔྱད་བྱ་རྒྱུའི་ཐག་བཅད། ཕྱི་ནས་ཡོང་བའི་འགྲུལ་པ་ཚོར་བརྟག་དཔྱད་བྱ་ཡུལ་ས་ཚིགས་གསར་འཛུགས་དང་མགྲོན་ཁང་ཁག་ལ་བརྟག་དཔྱད། ཕྱི་ཟླ་༡༠་པའི་ཚེས་བཅུའི་མཚམས་སུ་རྒྱ་ནག་གི་གྲོང་ཁྱེར་༣༦་ནང་དུ་སྒོ་རྒྱ་བསྡམས་པ་དང་སྒོ་རྒྱ་ཕྱེད་ཀ་བསྡམས། མི་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་མི་གྲངས་དུང་ཕྱུར་༢་མ་ཟིན་ཙམ་གྱི་ཉིན་རེའི་འཚོ་བར་དོ་ཕོག་བྱུང་། བདུན་ཕྲག་སྔོན་མར་རྒྱ་ནག་མི་དམངས་དུང་ཕྱུར་༡་དང་བྱེ་བ་༨་ཡས་མས་ཤིག་གི་འཚོ་བར་དཀའ་ངལ་ཕྲད་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་ལྷོ་ཕྱོགས་ཀྱི་འཕྲུལ་རིག་ལག་རྩལ་གྱི་ལྟེ་གནས་ཧྲེན་ཀྲེན་གྲོང་ཁྱེར་དུ་BF.7་ཞེས་འབོད་པའི་ངོ་བོ་མང་འགྱུར་དང་འགོ་ཁྱབ་སླ་བའི་ཏོག་དབྱིབས་ནད་དུག་ཨོ་མི་ཀོ་རོན་ཞེས་པ་དེ་ཁྱབ་། ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ནད་པ་གསར་པ་༣༣་ཐོན། དེ་ནི་སྔ་ཉིན་དེར་བསྡུར་ན་ནད་པའི་གྲངས་འབོར་ལྡབ་གསུམ་མང་དུ་འཕེལ། ཧྲེན་ཀྲེན་གྲོང་ཁྱེར་ལ་མི་འབོར་ས་ཡ་༡༨་ཡོད་པ་དང་ཕྱི་ནས་ཡོང་བའི་འགྲུལ་པ་ཚོར་ཉིན་གསུམ་ལ་བརྟག་དཔྱད་ཐེངས་གསུམ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། རྒྱ་ནག་བྱང་ཕྱོགས་ཀྱི་ཞི་ཨན་གྲོང་ཁྱེར་དུ་ཕྱི་ཟླ་༡༠་པའི་ཚེས་༡་ནས་ཚེས་༡༠་བར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༠༠་ལྷག་ཐོན། ཞི་ཨན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཚོས་འཕྲལ་དུ་སློབ་གྲྭ་ཁག་དང་འགྲེམ་སྟོན་ཁང་། ཡུལ་སྐོར་སྤྲོ་འཆམ་པ་འདུ་ས་ཁག་སྒོ་བརྒྱབ། སང་ཉིན་གཟའ་ལྷག་པ་ནས་ཐེན་ཅིན་དང་ཧེ་པེ་ཞིང་ཆེན་ནས་པེ་ཅིང་ལ་ཉིན་ལྟར་སྤྱི་སྤྱོད་རླངས་འཁོར་ནང་དུ་མི་སྟོང་ཕྲག་མང་པོ་ལས་ཀར་ཡོང་གི་ཡོད་པ་རྣམས་འགོག་རྒྱུ། དེ་བཞིན་རྒྱ་ནག་གི་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁུལ་ཞིག་ཕྱི་ཟླ་༡༠་པའི་ཚེས་༤་ནས་སྒོ་བརྒྱབ། ཞིན་ཅང་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ས་གནས་དེའི་མི་དམངས་རྣམས་ཕྱི་ལ་འགྲོ་སྐྱོད་བྱེད་མི་ཆོག་ཅེས་བཀག་སྡོམ་གྱི་བཀག་རྒྱ་བསྒྲགས། ཕྱི་ཟླ་༡༠་པའི་ཚེས་༦་ནས་རྒྱ་ནག་གི་ཧེ་ནན་ཞིང་ཆེན་གྱི་ཧེ་ཁུག་གྲོང་ཁྱེར་ཧྲིལ་པོར་འགྲོ་འོང་བཀག འཛམ་གླིང་རྒྱལ་ཁབ་གཞན་ལ་བསྡུར་ན་རྒྱ་ནག་གི་ནད་པའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་རུང་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་རྩ་འགོག་བྱ་དགོས་ཟེར་བའི་སྲིད་ཇུས་ཤིག་རྒྱུན་འཁྱོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒྱལ་དམངས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༤.༨་ཉམས་ཆག་སོང་། རྒྱ་ནག་གི་རིག་གཞུང་དང་ཡུལ་སྐོར་ལྷན་ཁང་གི་གཞི་གྲངས་སུ་ཕྱི་ཟླ་༡༠་པའི་རྒྱལ་སྟོན་དུས་ཆེན་གྱི་གཟའ་འཁོར་གཅིག་གི་གུང་སེང་སྐབས་དེར་ཨ་སྒོར་དུང་ཕྱུར་༤༠༠་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་འདུ་འགོད་ཐུབ་འདུག དེ་ནི་༢༠༡༩་ལོ་དང་བསྡུར་ན་ཧ་ཅང་གི་ཡོང་འབབ་དམའ་མོ་ཞིག་རེད་ཅེས་བསྟན། ཉི་མ་བདུན་བདུན་གྱི་གུང་སེང་སྐབས་དེར་རྒྱ་ནག་གི་ས་གནས་ཁག་ཏུ་མི་༣༠༥་ལ་གསར་དུ་ནད་དུག་འགོས། ཁ་སང་གཟའ་ཟླ་བར་རྒྱ་ནག་གི་ཞིང་ཆེན་རིམ་པའི་ས་གནས་༢༠་ཐམ་པར་ཏོག་དབྱིབས་དུག་གསར་དུ་འགོས་པའི་མི་༤༢༧་ཐོན། ནད་རྟགས་མ་ཐོན་ཡང་ནད་དུག་འགོས་ཡོད་པ་རྣམས་བསྡོམས་ཚེ། རྒྱ་ནག་ལ་ཞིང་ཆེན་༣༡་ཡོད་པ་དེ་དག་གི་ནང་དུ་ཉིན་ལྟར་མི་༢༠༠༠་ལྷག་ལ་ནད་དུག་འགོ་ཡི་ཡོད་པའི་ཚོད་དཔག་བྱས་འདུག དེང་སྐབས་རྒྱ་ནག་གི་ས་གནས་གང་དུ་བསྐྱོད་ཀྱང་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པའམ། ཡང་ན་ཏོག་དབྱིབས་ནད་དུག་འགོས་མེད་པའི་དཔང་ཡིག་སྟོན་དགོས་པ། གུང་སེང་ལ་བསྐྱོད་ཡུལ་ཁག་ཏུ་ནད་དུག་ཁྱབ་སྟེ་ཟུར་འགོག་བྱས་ནས་འགྲུལ་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་མི་ཐུབ་པ་བཅས་ཀྱིས་ལོ་འདིའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་དུས་སུ་མི་མང་འཕོན་ཆེན་ཞིག་རང་གནས་སུ་བསྡད་དེ་ཕྱི་ལ་ཕྱིན་མེད་པའི་གནས་ཚུལ་ཐོན། སྔོན་ཆད་ཧོང་ཀོང་དང་ཐེ་ཝན། ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་ཀྱང་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱ་ནག་ལྟར་བཀག་སྡོམ་བྱས་མོད། འོན་ཀྱང་གོང་གི་ཨེ་ཤི་ཡའི་ས་ཁུལ་དེ་དག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་མིག་དཔེ་བལྟས་ནས་ནད་དུག་ལ་བརྟག་དཔྱད་དང་ཟུར་འགོག་བྱ་རྒྱུ་ལྷུག་ཡངས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༡༦་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་འཚོགས་ཀྱི་ཡོད་པ་དང་ཞིས་ཅིན་ཕིང་གིས་སྲིད་དབང་སྲང་བརྟན་བཏང་སྟེ་ལས་དུས་གསུམ་པ་འཛིན་རྒྱུའི་གནས་ཚུལ་ཐོན། དེར་བརྟེན་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་གནད་འགག་ཅན་དེའི་སྐབས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་སྔ་ལས་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ་ཕབ། རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་རྒྱུན་འཁྱོངས་བྱ་དགོས་ཞེས་བསྐྱར་དུ་བཟློས། གཟའ་ཟླ་བའི་ཉིན་མི་དམངས་ཉིན་རེའི་ཚགས་པར་ལ་ཏོག་དབྱིབས་ནད་དུག་ནི་བློ་འཚབ་བྱེད་དགོས་པའི་ནད་ཡམས་ཤིག་རེད། ས་གནས་གང་ཞིག་ཏུ་ནད་ཡམས་ཤུགས་ཆེན་པོ་ཞིག་ཁྱབ་ན་སྤྱི་ཚོགས་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ་གྱི་ལས་དོན་ཁག་ལ་གནོད་སྐྱོན་ཚབས་ཆེན་ཞིག་འཕོག་རྒྱུ་ཟློག་ཐབས་བྲལ། དེ་ནས་རྒྱ་ནག་གི་ཡར་རྒྱས་གོང་འཕེལ་ལ་དེ་བས་ཀྱང་གནོད་སྐྱོན་ཆེ་བའི་མཇུག་འབྲས་ཤིག་སྨིན་རྒྱུ་རེད་ཅེས་ཆེད་བརྗོད་སྤེལ། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་རྩོམ་དེར་གསལ་བཀྲོལ་བྱས་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་ངེས་པར་དུ་ནད་ཡམས་ཁྱབ་གདལ་ལ་དོགས་ཟོན་དང་ཅི་བྱ་གཏོལ་མེད་ཀྱི་བསམ་བློའི་འདུ་ཤེས་འོག་ནས་ཐར་ཐབས་བྱ་དགོས། འཐབ་རྒོལ་ལ་ཡི་ཐང་ཆད་མི་ཉན་པ་དང་སྒྱིད་ལུག་གི་བསམ་བློའི་ལྟ་བ་རྣམས་འདོར་དགོས། ང་ཚོས་བསམ་བློ་རྣལ་ལ་ཕབ་ནས་ནད་ཡམས་བཀག་སྡོམ་དང་སྔོན་འགོག་གི་ལས་དོན་བསྒྲུབ་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་བཀྲལ། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་སྔོན་འདིར་ཏོག་དབྱིབས་ནད་དུག་སྔོན་འགོག་ཇི་ལྟར་བྱེད་དགོས་ཐུག་ཀྱང་བྱ་འཆར་ཡོད་པའི་རྣམ་པ་ཞིག་ཐོན་འདུག

བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་རང་ལ་ནད་ཡམས་སྔོན་འགོག་གི་ལས་དོན་འཐུས་ཤོར་བཏང་བའི་ཉེས་ཆད་མི་འཕོག་པ་དང་དམར་ཤོག་ཚོགས་པའི་ཚོགས་ཆེན་སྔོན་དེར་དོགས་ཟོན་བྱས་ནས་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་གྱི་སྲང་ལམ་ཚང་མར་ལྕགས་དྲྭ་འཐེན་ནས་ཚ་ལ་བྱས་ཏེ་འགྲོ་ལམ་བཀག མི་ཚོགས་ཆེན་པོ་སྡེབ་ཏུ་ཟུར་འགོག་དང་མི་དམངས་ལ་བརྟག་དཔྱད་ལན་མང་། སློབ་གྲྭ་དང་འགྲེམ་སྟོན་ཁང་། ཟ་ཁང་སོགས་སྒོ་རྒྱག་རྒྱུ་དེར་འཛེམ་ཟོན་མེད་པ། རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཆེན་པོ་འཕོག་གི་ཡོད་ཀྱང་དེ་ལ་ཅི་ཡང་མི་སྙམ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་གང་ས་གང་དུ་མཐོང་ཐོས་འབྱུང་། ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ། ད་ལྟ་ལོ་གསུམ་གྱི་རྗེས་སུ་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འོག་ནས་ཐར་གྱི་ཡོད་ཀྱང་རྒྱ་ནག་ནི་སྔར་བཞིན་ནད་ཡམས་དེའི་འོག་ནས་ཐར་གྱི་མེད་པར་མ་ཟད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྤྱི་ཚོགས་སུ་ནད་ཡམས་འགོག་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་གཞུང་གི་སྲིད་ཇུས་ལ་འབྲེལ་བ་འདུག་ཅེས་གླེང་། ཡིན་ནའང་ཞིས་ཅིན་ཕིང་གིས་ཏོག་ནད་རྩ་འགོག་ཟེར་པའི་སྲིད་ཇུས་ཤིག་ཨུ་ཚུགས་ཀྱིས་ལག་ལེན་བསྟར་གྱི་ཡོད་པར་འགྱུར་བ་གཏོང་རྒྱུའི་རྟགས་མཚན་བྲལ། དེས་ན་རྒྱ་ནག་གི་འབྱོར་ལྡན་པ་ས་ཡ་མང་པོ་འུ་ཐུག་སྟེ་སིངྒ་པུར་དང་མ་ལེ་ཤི་ཡ། ཐེ་ལན་ཌི་དང་ཨོ་གླིང་། ཁ་ན་ཌ་དང་ཨ་རི། ཡུ་རོབ་རྒྱལ་ཁབ་ཁག་ལ་གཏན་སྡོད་གཞིས་ཆགས་སུ་སྤོར་ཐབས་ལ་འབད། རྒྱ་ནག་གཞུང་གིས་འབྱོར་ལྡན་པ་དེ་ཚོར་ཕྱིར་སྐྱོད་ལག་འཁྱེར་མི་སྤོད་པ་དང་འབྱོར་ལྡན་པ་དེ་དག་གི་དངུལ་སྒོར་ཕྱི་ལ་འཁྱེར་དུ་མ་བཅུག་པར་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG