ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༢/༡༢

རྒྱ་ནག་གིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་བསློགས།


ཨ་རི་དང་རྒྱ་ནག་གི་ཚོང་དམག
ཨ་རི་དང་རྒྱ་ནག་གི་ཚོང་དམག

༄༅།། སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་བ་ལྟར་གཟའ་མིག་དམར་ཉིན་རྒྱ་ནག་གིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ནས་༡༥་སྤར་རྒྱུའི་ཐག་བཅད། ཕྱི་ཟླ་༢་པའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་ཁེ་ན་ཌ་དང་མེག་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱས་ཀྱང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་དངོས་སུ་ལག་ལེན་བསྟར། རྒྱ་ནག་གི་ནོར་སྲིད་ལྷན་ཁང་གིས་ཨ་རིའི་རྡོ་སོལ་དང་གཤེར་ཁུའི་རང་བྱུང་སོལ་རླངས་གཉིས་ལ་སྒོ་ཁྲལ་བརྒྱ་༡༥་རེ་དང་དྭགས་སེལ་མ་བྱས་པའི་རྡོ་སྣུམ་ལ་སྒོ་ཁྲལ་བརྒྱ་ཆ་༡༠་འགེལ་རྒྱུ་ཡིན། ཨ་རིའི་གུ་གུལ་སོགས་བཟོ་ཚོང་ཁང་འགའ་ཞིག་གིས་ཚོང་ལས་ཁེར་སྡོམ་བྱེད་ཀྱི་ཡོད་པར་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གི་ཚོང་དོན་ལྷན་ཁང་ནས་ཨ་མི་རི་ཀར་གཏེར་རྫས་དཀོན་རིགས་སྣ་ག་ལྔ་ཕྱིར་ཚོང་བྱ་རྒྱུ་འགོག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

གཤེར་ཁུའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས།
གཤེར་ཁུའི་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས།

རྒྱ་ནག་གིས་ཨ་མི་རི་ཀར་འགོག་གི་ཡོད་པའི་གཏེར་རྫས་དེ་རྣམས་གློག་གི་རླངས་འཁོར་དང་ལག་ཐོགས་ཁ་པར། གློག་ཀླད་དང་ཉི་གློག་གི་ཤེལ་པང་སོགས་བཟོ་བར་དགོས་མཁོ་ཤིན་ཏུ་ཆེ། ཌོ་ནལ་ཊམ་གྱིས་རྒྱ་ནག་ནས་ཨ་མི་རི་ཀར་ཧྥེན་ཊ་ནོལ་བཟི་སྨན་སོགས་ཉལ་ཐའི་རིགས་ཡོང་གི་ཡོད་པ་མ་བཀག་ན་སྒོ་ཁྲལ་མཐོ་རུ་གཏང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པ་བ་ཚོས་ཨ་རི་དང་རྒྱ་ནག་གི་ཚོང་དམག་འགོ་ཚུགས་རུང་རེད། རིམ་བཞིན་ཕྱོགས་གཉིས་ཀས་སྒོ་ཁྲལ་མཐོ་རུ་གཏོང་སྲིད་པ་དང་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཐུབ་རྒྱུ་དཀའ་བར་སྣང་ཟེར། ཌོ་ནལ་ཊམ་དང་ཞི་ཅིན་ཕིང་གཉིས་ཀྱིས་བདུན་ཕྲག་འདིའི་སྨད་དུ་གྲོས་མོལ་བྱ་འཆར་ཡོད་མོད། ད་ལྟ་གྲོས་མོལ་གྱི་དུས་ཚོད་སྔ་སྣུར་བྱས་ནས་ཆུ་ཚོད་༢༤་ཡི་ནང་ཚུད་དུ་གྲོས་མོལ་འབྱུང་སྲིད་པའི་རྣམ་པ་ཞིག་མངོན། དེས་ན་ཨ་རི་དང་རྒྱ་ནག་གཉིས་ཀས་སྒོ་ཁྲལ་སྤར་ཡོད་པ་ཕྱིར་འཐེན་བྱེད་མི་སྲིད་པ་ཞིག་མིན།།

ཨ་རི་དང་རྒྱ་ནག་གི་ཚོང་ལས།
ཨ་རི་དང་རྒྱ་ནག་གི་ཚོང་ལས།

༢༠༡༨་ལོར་ཨ་རི་དང་རྒྱ་ནག་གི་ཚོང་དམག་མགོ་བརྩམས། ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱི་ཚོང་དམག་ལ་སྔར་བཞིན་ནུས་པ་ཐོན་ཐུབ་རྒྱུའི་ངེས་པ་མི་འདུག ད་ཐེངས་རྒྱ་ནག་གིས་སྔོན་ནས་གྲ་སྒྲིག་བྱས་ཏེ་གནོད་པ་ཆེན་པོ་ཐེབས་མི་ཐུབ་པ་དང་ཨ་རིའི་བཟོ་ཚོང་ལས་ཁུངས་ཁག་ལ་གཏེར་རྫས་བཀག་ནས་ལན་པ་སློག་རྒྱུའི་ཐབས་ཇུས་ཤིག་རྙེད། དཔེར་ན་རྒྱ་ནག་གིས་ཨ་མི་རི་ཀ་ནས་དྭགས་སེལ་མ་བྱས་པའི་རྡོ་སྣུམ་བརྒྱ་ཆ་༡.༧་ལས་ནང་འདྲེན་བྱེད་ཀྱི་མེད་ཅིང་། དེ་ནི་ཨ་སྒོར་དུང་ཕྱུར་༦༠་ཐམ་པའི་ཚོང་ལས་ཤིག་རེད། ༢༠༢༤་ལོར་རྒྱ་ནག་གིས་ཨ་མི་རི་ཀ་ནས་གཤེར་ཁུའི་རང་བྱུང་སོལ་རླངས་ཊོན་ས་ཡ་༤.༡༦་ཉོས། དེ་ནི་ཨ་སྒོར་དུང་ཕྱུར་༢༤༡་གི་ཚོང་ལས་ཤིག་ཡིན་པས་རྒྱ་ནག་པ་ཚོས་ཨ་རིའི་གཤེར་ཁུའི་རང་བྱུང་སོལ་རླངས་མ་ཉོས་ན་ཨ་མི་རི་ཀར་གྱོང་གུད་འཕོག་སྲིད། བདུན་ཕྲག་རྗེས་མ་ནས་རྒྱ་ནག་གིས་ཨ་རི་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་ཞིང་ལས་ཀྱི་འཕྲུལ་ཆས་དང་རླངས་འཁོར་གྱི་འཕྲུལ་ཆས་ཨ་མ་ཆེ་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༢་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་རྒྱལ་སྤྱིའི་ཚོང་ལས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཇཱོན་གཱོང་(John Gong)་ནས་རྒྱ་ནག་གིས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་དེ་ཚད་ངེས་ཅན་ཞིག་རེད། ངས་བལྟས་ན་རྒྱ་ནག་ལ་ཚོང་དམག་ཆེ་རུ་གཏོང་འདོད་མི་འདུག ཨ་རིས་ཁྱིམ་མཚེས་རྒྱལ་ཁབ་ཁེ་ན་ཌ་དང་མེག་སི་ཀོ་གཉིས་ལ་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱས་པ་ལྟར་རྒྱ་ནག་ལའང་སྒོ་ཁྲལ་སྤར་ཡོད་པ་ཕྱིར་འཐེན་བྱེད་སྲིད་པའི་རྩིས་ཤིག་རྒྱག་གི་འདུག ཨ་རིས་རང་སྣང་གང་དྲན་གྱིས་སྒོ་ཁྲལ་སྤར་ན་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་འགལ་འཛོལ་བྱུང་བ་རེད། དེ་ནི་དཀའ་ངལ་སེལ་ཐབས་ཤིག་མིན་པར་མ་ཟད། རྒྱ་ནག་དང་ཨ་རིའི་དཔལ་འབྱོར་དང་ཚོང་ལས། ཕྱོགས་གཉིས་ལས་རིགས་འདྲ་མིན་ཞིག་གི་ཐོག་ཏུ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་འགལ་ཟླ་སློང་བའི་རྒྱུ་རུ་འགྱུར་ངེས་རེད་ཅེས་བཀྲལ། ཌོ་ནལ་ཊམ་དང་ཞི་ཅིན་ཕིང་གི་གྲོས་མོལ་ལ་གྲུབ་འབྲས་ཐོན་རྒྱུ་ཡིན་མིན་བཤད་དཀའ།།

ཨ་རྒྱའི་སྒོ་ཁྲལ་དང་མ་རྐང་ཁྲོམ་ར།
ཨ་རྒྱའི་སྒོ་ཁྲལ་དང་མ་རྐང་ཁྲོམ་ར།

འདས་པའི་ལོ་༣༠་ལྷག་ལ་ཨ་རི་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པར་གྲོས་ཚོགས་འཐུས་མི་ཚོ་དང་སྲིད་གཞུང་རིམ་པ་ཞིག་གིས་སྐད་བརྒྱབ། སྔ་ལོ་རྒྱ་ནག་གིས་ཨ་མི་རི་ཀས་ནས་རླངས་འཁོར་འབུམ་༧་ལས་ནང་འདྲེན་མ་བྱས། ཨ་རིའི་རླངས་འཁོར་མང་ཆེ་བ་ཉི་ཧོང་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་བཙོངས། རྒྱ་ནག་གིས་ཨ་མི་རི་ཀར་མེད་པ་དང་ཨ་རིར་དགོས་མཁོ་ཆེ་བའི་ས་གཏེར་དཀོན་རིགས་རྣམས་ཕྱིར་ཚོང་བྱ་རྒྱུ་བཀག་འགོག་བྱེད་ཚེ། ཨ་རིའི་བཟོ་ཚོང་ལས་ཁུངས་ཁག་གི་ཚོང་ལས་ལ་བར་ཆད་འབྱུང་རྒྱུ་ལྡོག་ཏུ་མེད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཟུར་པ་དང་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་དཔལ་འབྱོར་རིག་པ་བ་ཧྥི་ལིབ་ལུ་ཀས་(Philip Luck)་རྒྱ་ནག་ནི་ཕྱིར་ཚོ་བཀག་སྡོམ་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་རེད། ང་ཚོ་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་གཏེར་རྫས་སྣ་མང་ཞིག་ལ་བརྟེན་ཡོད་པ་རེད། རྒྱ་ནག་གིས་ཨ་རིའི་དཔལ་འབྱོར་ལ་གནོད་སྐྱོན་ཚབས་ཆེན་གཏོང་ཐུབ་ཅེས་བཤད་འདུག

ཁ་སང་གཟའ་ཟླ་བའི་ཉིན་མེག་སི་ཀོའི་གཞུང་གིས་ཡུལ་སྲུང་དམག་མི་ཁྲི་ཚོ་༡་བྱང་ཕྱོགས་ཀྱི་ས་མཚམས་སུ་བཏང་སྟེ་ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གནས་སྤོ་བ་ཡོང་གི་ཡོད་པ་དང་ཉལ་ཐ་ནག་ཚོང་རྣམས་བཀག་འགོག་བྱ་རྒྱུའི་གྲོས་མཐུན་བྱུང་། དེ་བཞིན་ཁེ་ན་ཌའི་གཞུང་གིས་ཀྱང་ཕྱོགས་གཉིས་ཀྱི་ས་མཚམས་སུ་འཕྲུལ་ཆས་བཙུགས་ཏེ་ས་སྲུང་བ་མང་དུ་གཏོང་ཆོག ཨ་མི་རི་ཀར་ཉལ་ཐ་སྐྱེལ་འདྲེན་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཡོང་གི་ཡོད་པ་རྣམས་བཀག་འགོག་བྱ་དགོས་ཞེས་ཁས་བླངས། དེར་བརྟེན་ཌོ་ནལ་ཊམ་གྱིས་ཁེ་ན་ཌ་དང་མེག་སི་ཀོ་གཉིས་ལ་ཟླ་བ་གཅིག་གི་རིང་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱས་ཤིང་། ཊམ་གྱིས་ང་སྲིད་འཛིན་ཡིན་པའི་ཆ་ནས་ཨ་མི་རི་ཀ་བ་རྣམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡོད། ངས་ལས་འགན་དེ་སྒྲུབ་ཀྱི་ཡོད། ང་ནི་ཐོག་མའི་གྲོས་མཐུན་འདིར་དགའ་པོ་བྱུང་ཞེས་བསྒྲགས། མེག་སི་ཀོར་སྒོ་ཁྲལ་སྤར་ན་ཨ་མི་རི་ཀ་བ་ཚོར་དྭངས་ལྕགས་དང་རླངས་འཁོར། ཤིང་ཏོག་གི་རིགས་ཀྱི་རིན་གོང་འཕར་རྒྱུ་ཡིན་པ་དང་། ཁེ་ན་ཌར་སྒོ་ཁྲལ་སྤར་ན་ཨ་རི་བ་ཚོར་ཤིང་ཆ་དང་རྡོ་སྣུམ། སོལ་རླངས་དང་གློག་སོགས་ཀྱི་རིན་གོང་འཕར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་རིས་ཁེ་ན་ཌ་དང་མེག་སི་ཀོར་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱས་འདུག
ཨ་རིས་ཁེ་ན་ཌ་དང་མེག་སི་ཀོར་སྒོ་ཁྲལ་སྤར་རྒྱུ་ངང་འཐེན་བྱས་འདུག

ཕྱི་ཟླ་༢་པའི་ཚེས་༤་ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་ཅི་ཙམ་སྤར་ཡང་ཨ་སྒོར་ཐེར་འབུམ་༢༠་ལས་བརྒལ་མི་ཐུབ། ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༤༥༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཆོག སྔ་ལོའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་རྒྱུ་ཡིན་ཞེས་བཤད། ད་ལྟ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ལས་སྤར་མེད་ཀྱང་ཕྱོགས་གཉིས་གྲོས་མཐུན་མ་བྱུང་ན་སྒོ་ཁྲལ་མང་དུ་གཏོང་སྲིད་པའི་རྟགས་མཚན་ཞིག་ཐོན། ཌོ་ནལ་ཊམ་གྱིས་ལས་དུས་གཉིས་པའི་སྲིད་དབང་བཟུང་བའི་ཉིན་དང་པོ་དེར་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བར་ཞིབ་འཇུག་བྱོས། ཕྱི་ཟླ་༤་པའི་ཚེས་༡་ཉིན་ཞིབ་འཇུག་སྙན་ཐོ་དེ་ཚར་དགོས་ཞེས་བཀོད་ཁྱབ་བཏང་འདུག ཉམས་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གཉིས་གྲོས་མཐུན་ཡོང་གི་མེད་པའི་འགག་རྩ་དེ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པར་ཐུག་ཡོད་པ་རེད་ཅེས་གསལ་སྟོན་བྱས་འདུག

ས་གཏེར་དཀོན་རིགས་ཀྱི་གཏེར་རྫས།
ས་གཏེར་དཀོན་རིགས་ཀྱི་གཏེར་རྫས།

ཕྱི་ཟླ་༢་པའི་ཚེས་༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཨ་མི་རི་ཀར་ས་གཏེར་དཀོན་རིགས་ཕྱིར་ཚོང་བྱ་རྒྱུ་བཀག་ཀྱང་ཡུཀ་རེན་ལ་ས་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཕྱུག་པོ་ཡོད་པར་བརྟེན། ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་མུ་མཐུད་དུ་དམག་དོན་རོགས་རམ་བྱ་དགོས་ན་ས་གཏེར་དཀོན་རིགས་དེ་རྣམས་སྔོག་འདོན་བྱ་དགོས་པའི་བརྡ་ཞིག་བཏང་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་ཀྱང་ཡུཀ་རེན་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ས་གཏེར་དཀོན་རིགས་སྔོག་འདོན་བྱེད་དུ་འཇུག་ཆོག་ཅེས་བཤད། ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་ཡིས་འཛམ་གླིང་གི་ས་གཏེར་དཀོན་རིགས་མང་ཆེ་བ་རྒྱ་ནག་གི་ལག་ཏུ་འདུག་ཅེས་བསྟན། ན་ནིང་ཕྱི་ཟླ་༦་པའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སི་གྷ་རམ་སོགས་ཡུཀ་རེན་ལ་རྟོག་ཞིབ་ཏུ་བསྐྱོད། ཁོ་པས་ཡུཀ་རེན་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༠་ནས་༢༠་ཡས་མས་ཤིག་གི་གཏེར་དཀོན་རིགས་ཀྱི་གཏེར་ཁ་ཕྱུག་པོ་འདུག་ཅེས་བཤད་དོ།།

གླེང་སྟེགས།

XS
SM
MD
LG