ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

 རྒྱ་ནག་གིས་ཧྲང་ཧེའི་རྒན་རྒོན་༣་ལ་ཏོག་ནད་འགོས་ནས་ཤི་བ་ངོས་ལེན། 


༄༅།། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་རྒན་རྒོན་གསུམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་། ཁོ་ཚོ་ལོ་ན་༨༩་ནས་༩༡་བར་དུ་རེད། དེང་སྐབས་ཧྲང་ཧེ་གྲོང་ཁྱེར་དུ་ཆ་མཉམ་ཉི་མ་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༠༠༠༠་རེ་འཐོན་གྱི་འདུག་ཅེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༤་པའི་ཚེས་༡༨་ཉིན་ཧྲང་ཧེ་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཚོས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་གྱི་ཡུལ་མི་ལོ་ན་༦༠་ཡན་ཆད་ལ་སོན་པ་བརྒྱ་ཆའི་༣༨་ལ་མ་གཏོགས་འགོག་ཁབ་བརྒྱབ་མེད་ཅིང་། ད་ལྟ་མི་འབོར་ས་ཡ་༢༥་ལྷག་ཡོད་པའི་གྲོང་ཁྱེར་དེ་སྒོ་རྒྱ་བསྡམས་ནས་བདུན་ཕྲག་བཞི་པ་འགྲོ་བཞིན་ཡོད་ཀྱང་སླར་ཡང་གྲོང་ཁྱེར་དེའི་གྲོང་མི་ཡོངས་ལ་བརྟག་དཔྱད་བྱ་རྒྱུའི་ལས་མགོ་བརྩམས། ཁ་སང་བར་དུ་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་ནས་མི་གཅིག་ཀྱང་ཤི་མེད་ཟེར། ཉེ་ཆར་ཝོལ་སི་ཊི་རི་ཊི་གསར་ཁང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་རྒན་གསོ་ཁང་འགའ་ཞིག་གི་རྒན་རྒོན་ཚོར་བཅར་འདྲི་ཞུས་ནས་རྒན་རྒོན་མང་དག་ཅིག་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གནས་ཚུལ་ཞིབ་ཕྲ་སྤེལ། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་རྒན་རྒོན་གསུམ་ཏོག་དབྱིབས་ནད་གིས་འཆི་སྐྱོན་བྱུང་སོང་ཞེས་ངོས་ལེན་བྱས་པ་ནི་༢༠༢༠་ལོའི་ཕྱི་ཟླ་༣་པ་ནས་བཟུང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བ་ངོས་ལེན་བྱས་པ་ཐེངས་དང་པོ་ཡིན་འདུག དེའི་རྒྱུ་མཚན་ནི་༢༠༢༢་ལོའི་ཕྱི་ཟླ་༤་པའི་ཚེས་༡༨་བར་དུ་ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་ནས་མི་གཅིག་ཀྱང་ཤི་མེད་པར་བརྩི་དགོས། གཉིས་པ་དེར་ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ཤི་ཡོད་པ་དང་མི་ཤི་ཡོད་པའི་གསར་འགྱུར་རྣམས་བྷི་བྷི་སི་གསར་འགྱུར་ལས་ཁང་སོགས་ཀྱིས་ཕྱིར་བསྒྲགས་བྱུང་ཡོད་པ་རེད།།

ཧྲང་ཧེ་གྲོང་ཁྱེར་གྱི་ཁྲོམ་ལམ་གྱི་ཟུར་གཅིག ༢༠༢༢།༤།༡༦
ཧྲང་ཧེ་གྲོང་ཁྱེར་གྱི་ཁྲོམ་ལམ་གྱི་ཟུར་གཅིག ༢༠༢༢།༤།༡༦

ཧྲང་ཧེ་གྲོང་ཁྱེར་གྱི་རྒན་གསོ་ཁང་གཅིག་གི་ནང་གི་དུ་རྒན་རྒོན་བཅུ་ཕྲག་འགའ་ཞིག་ཤི་ཡང་རྒྱ་ནག་གཞུང་གིས་རྒན་རྒོན་དེ་རྣམས་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་མ་རེད་ཅེས་ངོས་ལེན་བྱེད་ཀྱི་མེད་པ་སྟེ། ཁོ་ཚོར་ནད་ཚ་རྙིང་པ་ཡོད་པའི་སྟབས་ཀྱིས་རེད་ཅེས་བཀྲལ། ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཏེ་ཤི་ཡང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་ཁོངས་སུ་མ་བརྩིས། གཟའ་ཟླ་བའི་ཉིན་མི་གསུམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བ་རེད་ཅེས་ཕྱིར་བསྒྲགས་བྱས་པ་དང་སྔོན་ཆད་ནད་དུག་གིས་ཤི་བ་རྣམས་གཅིག་པ་ཡིན་ཞིང་། ད་ལྟ་གཞི་ནས་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་མི་གསུམ་ཏོག་དབྱིབས་ནད་དུག་གིས་ཤི་སོང་ཞེས་གསལ་བསྒྲགས་བྱས་པ་ནི་གྲོང་ཁྱེར་དེར་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པ་མི་དམངས་ལ་ཕྱིར་བསྒྲགས་བྱ་དགོས་པ་ངོས་ཟིན་པའི་རྟགས་མཚན་རེད། རྒྱ་ནག་གི་ལོ་ན་༦༠་ཡན་ཆད་ཀྱི་མི་འབོར་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་བདེན་པ་ཡིན་མིན་ཡང་དོགས་སློང་བྱེད་དགོས་པ་ཞིག་རེད། ཧྲང་ཧེ་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་ཡོད་པའི་སྐབས་འདིར་གྲོང་མི་རྣམས་རང་ཁྱིམ་དུ་བཀག ནད་རྟགས་ཐོན་པ་རྣམས་ཟུར་འགོག་ཁང་དུ་ཁྲིད། མི་དམངས་ལ་བཟའ་ཆས་མེད་པར་བཀྲེས་ལྟོགས་ཀྱི་དཀའ་ངལ་འཕྲད། མི་མང་གིས་དྲྭ་ལམ་བརྒྱུད་ནས་སྔོ་ཚོད་དང་སྒོ་ང་། ཤ་དང་འབྲས་སོགས་མངགས་ཉོ་བྱས་ཀྱང་གཞུང་གི་སྐྱེལ་མཁན་ཚོར་སྒུག་དགོས། ཧྲང་ཧེ་གྲོང་ཁྱེར་ལ་འགྲོ་འོང་བཀག་པའི་སྟབས་ཀྱིས་བཟའ་ཆས་འཚོང་འགྲེམ་དང་སྐྱེལ་འདྲེན། མངགས་ཉོའི་དྲྭ་ཚིགས་རྣམས་འགགས སློབ་གྲྭ་དང་འགྲེམ་སྟོན་ཁང་རྣམས་ཟུར་འགོག་ཁང་དུ་བསྒྱུར། ཟུར་འགོག་ཁང་དུ་མི་མང་ལ་ཉལ་ས་མེད་པར་རོ་སྒམ་ལྟ་བུའི་ཤོག་སྒམ་ནང་དུ་སྙལ་ཡོད་པའི་བརྙན་ཐུང་རྣམས་དྲྭ་ལམ་དུ་ཁྱབ།།

ཕྱི་ཟླ་༤་པའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་གྱི་འགྲེམ་སྟོན་ཁང་ཞིག་གི་ནང་དུ་རྒན་གཞོན་གཉིས་ཀ་ཟུར་འགོག་བྱེད་ཡོད་པ་དང་མཚན་གང་པོར་གློག་མི་ཟུམ་པ། ལོ་ན་༣༠་ཐམ་པར་སོན་པའི་ས་ཁང་ཚོང་གཉེར་བ་པེ་པེ་དང་ཁྱོ་ག་གཉིས་བདུན་ཕྲག་སྔོན་མའི་གཟའ་མིག་དམར་ནས་འགྲེམ་སྟོན་ཁང་དེར་ཟུར་འགོག་བྱས་ཀྱང་གཟུགས་པོ་བཀྲུ་བའི་ཆུ་ཚ་པོ་ཞིག་མ་ཐོབ། ཁོ་མོས་གསར་འགོད་པར་ཟུར་འགོག་ཁང་དུ་བཀག་ཡོད་པའི་མི་ཚོར་ནད་རྟགས་ཐོན་ཡོད་པའི་རྟགས་མཚན་དེ་ཙམ་མི་འདུག གློ་ལུ་མཁན་འགའ་རེ་ཡོད་ཀྱང་ཚ་བ་འཕར་གྱི་མེད་པ་དང་མི་དེ་ཚོར་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ཤེས་ཀྱི་མི་འདུག ཐོག་མར་མི་དམངས་རྣམས་ཏོག་དབྱིབས་ནད་དུག་འདིར་སྐྲག་གི་ཡོད་ཀྱང་རིམ་བཞིན་མི་ཟེར་བ་དེ་དྲེད་ནས་སྐྲག་གི་མི་འདུག སྲིད་གཞུང་གིས་ཅི་ཞིག་བཤད་པ་དེར་ཉན་དགོས་ཐུག་གི་ཡོད་པ་རེད། ང་ཚོ་བཀག་ཡོད་པའི་ཟུར་འགོག་ཁང་འདིར་མི་ཚོགས་ཆེ་དྲགས་ཏེ་གསང་སྤྱོད་གཙང་མ་གཏན་ནས་མི་འདུག གཙང་སྦྲ་བྱེད་མཁན་ཚོས་ལ་ཁ་ཐོན་གྱི་མི་འདུག་ཅེས་བཤད། འགྲེམ་སྟོན་ཁང་དེར་མི་ཁྲི་ཚོ་༥་ཉལ་ས་ཡོད་པ་དང་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ཟུར་འགོག་་ཁང་དེ་འདྲ་བརྒྱ་ལྷག་གསར་དུ་སྒོ་ཕྱེ། ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཀྱི་ཡོད་པ་ནི་ལོ་གཉིས་འགྲོ་བཞིན་པའི་ནད་ཡམས་འདིར་གདོང་ལེན་གྱི་འཐབ་རྩོད་ཅིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མ་ལྷག་པར་མེད་པར་གཏོང་རྒྱུ་ཡིན་ཞེས་པའི་སྲིད་ཇུས་ཁུངས་འཁྱོལ་ཐབས་བྲལ་བ་ཞིག་ལག་ལེན་བསྟར་གྱི་ཡོད་པར་རྒྱ་ནག་མི་དམངས་ཀྱིས་བཟོད་སྒོམ་བྱེད་མི་ཐུབ་པའི་མཚམས་སུ་སླེབས་ཀྱི་ཡོད་པའི་རྟགས་མཚན་ཞིག་མངོན།།

ཧྲང་ཧེ་གྲོང་ཁྱེར་ནང་གི་འགག་སྒོ་ཁག ༢༠༢༢།༤།༡༦
ཧྲང་ཧེ་གྲོང་ཁྱེར་ནང་གི་འགག་སྒོ་ཁག ༢༠༢༢།༤།༡༦

ནེའུ་ཡོཀ་དུས་བབ་ཚགས་པར་ལ་རྩོམ་ཡིག་འབྲི་མཁན་ལི་ཡོན་ཞེས་པ་ཞིག་གིས་ཧྲང་ཧེ་གྲོང་ཁྱེར་གྱི་གྲོང་མི་ཚོར་བཟའ་བཏུང་དང་སྨན་སོགས་ཆད་ནས་བདུན་ཕྲག་འགྲོ་བཞིན་འདུག ཁྱིམ་ཚང་ཁག་གི་སྒོ་ཁྱི་དང་ཞུམ་བུ་རྣམས་དམར་གསོད་བྱེད་ཀྱི་འདུག མི་ཁག་ཅིག་འུ་ཐུག་སྟེ་མཆོངས་ནས་འཆི་ཡི་ཡོད་པ་དང་ཟུར་འགོག་ཁང་གི་མི་ཚོགས་རྣམས་སྲང་ལམ་དུ་ཐོན་ནས་ངོ་རྒོལ་བྱེད་ཀྱི་འདུག མི་མང་དང་ཉེན་རྟོག་པ་རྣམས་ལག་འཛིང་ཐུག་གི་ཡོད་པ་དང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་བའི་གྲོང་མི་ཚོས་སྒེའུ་ཁུང་དང་ཁྱམས་ར་སོགས་ནས་སྐད་རྒྱག་གི་འདུག རྒྱ་ནག་གི་ཚོང་ལས་དང་དངུལ་རྩའི་གྲོང་ཁྱེར་དེ་དངོས་ཟོག་བརྗེ་ཚོང་གི་ས་གནས་ཤིག་ཏུ་གྱུར་འདུག གལ་སྲིད་མི་ཞིག་ལ་ནག་ཁུ་ཞིག་བཙོང་རྒྱུ་ཡོད་ན་དངུལ་སྒོར་སྨར་པོ་རེད། གོས་དཀར་གྱོན་པའི་ནད་འགོག་བ་ཚོས་རྒྱ་ནག་ལ་དཀར་མདོག་གི་རིག་གནས་གསར་བརྗེའི་འཐབ་རྩོད་ཅིག་སློང་གི་འདུག ཧྲང་ཧེ་ནི་ཛ་དྲག་གི་གནས་སུ་ལྷུང་སྟེ་ཨ་རིའི་ཧྥོཀ་སི་གསར་ཁང་གི་གསར་འགོད་པ་ཊ་ཀར་ཁ་རོལ་སན་གྱིས་རྒྱ་ནག་གཞུང་ནས་མི་གྲངས་ས་ཡ་༢༧་དང་འབུམ་༨་ཡོད་པ་རྣམས་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བཙོན་སྒར་ཆེན་པོ་ཞིག་དུ་བསྒྱུར་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་པ་ནི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཡིན་ཟེར་གྱི་འདུག ཡིན་ནའང་འདི་ནི་ནད་འགོག་གི་གནད་དོན་ཞིག་མིན་པར་རྒྱ་ནག་དམར་ཤོག་གི་དབང་འཛིན་ལམ་ལུགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཐབས་ཤིག་རེད། ཧྲང་ཧེ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་བལྟས་ཚེ། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ནད་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེས་ཏོག་དབྱིབས་ནད་དུག་འགོག་རྒྱུ་ལྟ་ཞོག ཐ་ན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གཏོང་གི་འདུག་ཅེས་རྩོམ་ཡིག་སྤེལ།།

ཕྱི་ཟླ་༤་པའི་ཚེས་༡༨་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་གྱི་འབྱོར་ལྡན་པ་ཚོ་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་སུན་སྣང་སྐྱེས་ཏེ་ཕྱི་རྒྱལ་ལ་གནས་སྤོར་བྱ་འཆར་ཡོད་པའི་གནས་ཚུལ་ཐོན་འདུག དཔེར་ན་ཧྲང་ཧེ་གྲོང་ཁྱེར་གྱི་སློབ་སྟོན་ལས་ཁུངས་ཤིག་གི་སློབ་སྟོན་པ་ཇཱེམ་སི་ཁྲེན་ཞེས་པ་ཞིག་གིས་ཟླ་བ་འདིར་ཧྲང་ཧེ་གྲོང་ཁྱེར་གྱི་ཡུལ་སྤོར་སློབ་སྟོན་ལས་ཁུངས་ཁག་ལ་སྐད་ཆ་འདྲི་མཁན་དང་སྐད་འཕྲིན་ནང་དུ་ཕྱི་རྒྱལ་ལ་ཇི་ལྟར་འགྲོ་དགོས་མིན་གླེང་སློང་། དྲྭ་ལམ་དུ་ཕྱི་རྒྱལ་ལ་གནས་སྤོར་བྱེད་ན་རྒྱལ་ཁབ་གང་དུ་འགྲོ་དགོས་པ་དང་དེ་ལ་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་སོགས་འཚོལ་ཞིབ་བྱེད་མཁན་ལྡབ་བདུན་ཇེ་མང་དུ་ཕྱིན་འདུག སྔོན་ཆད་ཧྲང་ཧེ་གྲོང་ཁྱེར་གྱི་འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་ཕྱིན་ན་ནད་དུག་འགོ་སྲིད་པ་དང་སྡང་ཟུག་འཕོག་སྲིད་པར་སྐྲག་ནས་ཕྱི་རྒྱལ་ལ་གནས་སྤོར་བྱ་རྒྱུའི་གྲོས་སྡུར་དང་ལས་མགོ་བརྩམ་རྒྱུ་མཚམས་བཞག་སོང་། འོན་ཀྱང་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་བའི་རྗེས་སུ་ཕྱི་རྒྱལ་ལ་གནས་སྤོར་བྱ་རྒྱུའི་ལས་མགོ་རྩོམ་པ་དང་གྲོས་སྡུར་གྱི་རྦ་རླབས་ཤིག་འཕྱུར་སོང་། རྒྱ་ནག་གཞུང་གིས་ཆམ་ནད་ལྟ་བུའི་རིམས་ནད་ཅིག་ལ་དམ་དྲག་བྱ་རྒྱུ་ཐལ་དྲགས་པ་རེད། ང་ཚོའི་ཚོང་ཤག་ཚོས་གཏན་ནས་དེ་ལ་དགའ་མོས་བྱེད་ཀྱི་མེད་པ་དང་བདུན་ཕྲག་འགའ་ཞིག་གི་རིང་ང་ལ་སྐད་ཆ་འདྲི་མཁན་མང་དྲགས་ནས་ངས་དུས་ཐོག་ཏུ་ལན་རྒྱག་ཐུབ་ཀྱི་མི་འདུག་ཅེས་བཤད། གཟའ་སྤེན་པ་གཅིག་པུར་ཇཱེམ་སི་ཁྲེན་ལ་མི་༢༠༠་ལྷག་གིས་ཕྱི་རྒྱལ་ལ་ཇི་ལྟར་སྤོར་དགོས་མིན་སྐད་ཆ་དྲིས། རྒྱ་ནག་གི་ཁྲེན་ཏུའུ་གྲོང་ཁྱེར་གྱི་ཡུལ་སྤོར་སློབ་སྟོན་ཁང་ཞིག་བཙུགས་ཡོད་པ་དེའི་བདག་པོ་ལུ་སི་ཝང་ཞེས་པ་ཞིག་གིས་ངས་ཉི་མ་རེར་ཆུ་ཚོད་༡༢་རེར་ལས་དོན་བསྒྲུབས་ཀྱང་ཚར་གྱི་མི་འདུག ང་ཟླ་བ་མང་པོར་འདི་འདྲའི་བྲེལ་བ་ཞིག་ལངས་མྱོང་མེད་ཅེས་ཧྲང་ཧེ་བ་བརྒྱ་ཕྲག་མང་པོ་རང་ཡུལ་ལ་ཡི་ཐང་ཆད་ནས་ཕྱི་རྒྱལ་ལ་ཐར་ཐབས་བྱེད་ཀྱི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

XS
SM
MD
LG