ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་ལ་ཏོག་དབྱིབས་ནད་དུག་གི་ནད་རྟགས་ཐོན་མཁན་ཇེ་མང་། 


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་མཁན་མི་༡༢༧་བྱུང་སོང་། ཁ་སང་གཟའ་ཉི་མ་ནས་ཁ་ཤི་གྷར་གྲོང་ཁྱེར་དུ་མི་འབོར་༤༧༥༠༠༠༠་ཡོད་པ་དེ་དག་ལ་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས་ཡོད། ལོ་ན་༡༧་ལ་སོན་པའི་བཟོ་གྲྭ་ཞིག་གི་བཟོ་པ་ན་གཞོན་མ་ཞིག་ནས་ནད་ཡམས་ཁྱབ་འདུག ནད་དུག་འགོས་ཡོད་པའི་མི་གཞན་རྣམས་གྱོན་གོས་བཟོ་གྲྭ་གཞན་ཞིག་ལ་འབྲེལ་བ་འདུག་ཀྱང་ན་གཞོན་མ་དེར་ནད་དུག་ཇི་ལྟར་འགོས་མིན་ཤེས་ཀྱི་མི་འདུག་ཅེས་ཞིན་ཅང་གི་འཕྲོད་བསྟེན་ལས་སྣེ་ཚོས་གནས་ཚུལ་སྤེལ། གཟའ་སྤེན་པའི་ཉིན་ཞིན་ཅང་གི་ས་གནས་སོ་སོར་མི་མང་ལ་གཟའ་འཁོར་རེའི་བརྟག་དཔྱད་བྱས་པའི་སྐབས་སུ་ན་གཞོན་མ་དེར་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་། ན་གཞོན་མ་དེའི་ལས་རོགས་བཟོ་པ་རྣམས་སུ་སུ་ཡིན་མིན་དང་བཟོ་གྲྭའི་མིང་རྣམས་གསལ་བསྒྲགས་བྱས་མེད་ཅིང་། ན་གཞོན་མ་དེར་ནད་དུག་ཇི་ལྟར་འགོས་མིན་ཁུངས་དེད་ནས་རྩད་གཅོད་བྱེད་འགོ་ཚུགས་འདུག

ཞིན་ཅང་གི་ཁ་ཤི་གྷར་གྲོང་ཁྱེར་གྱི་ཕྱག་ཁང་རྙིང་པ་ཞིག
ཞིན་ཅང་གི་ཁ་ཤི་གྷར་གྲོང་ཁྱེར་གྱི་ཕྱག་ཁང་རྙིང་པ་ཞིག

ཞིན་ཅང་གི་ཁ་ཤི་གྷར་གྲོང་ཁྱེར་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་གྲོང་ཁྱེར་རྙིང་པ་ཞིག་ཡིན། གྲོང་ཁྱེར་དེ་ཞིན་ཅང་ལ་ཡུ་གུར་མི་རིགས་༡༡༠༠༠༠༠༠་ཡོད་པ་དེ་དག་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་འབྱུང་གནས་ཤིག་ཏུ་བརྩི། བདུན་ཕྲག་འདིའི་གཟའ་པ་སངས་བར་དུ་གྲོང་ཁྱེར་དེའི་སློབ་གྲྭ་ཁག་སྒོ་རྒྱག་རྒྱུ་ཡིན་རུང་ཚོང་ཁང་དང་ཚོང་ཁང་ཆེ་ཁག་རྣམས་སྒོ་རྒྱག་རྒྱུ་མིན་ཞེས་བཀོད་ཁྱབ་བཏང་འདུག ཤུ་ཧྥུ་རྫོང་གི་ཡུལ་མི་ཞིག་གིས་ང་ཚོར་ས་གནས་གཞུང་གི་འགོ་ཁྲིད་ཚོས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས། གཟའ་སྤེན་པའི་ཞོགས་པ་ནས་ཕྱི་ལ་འབུད་མི་ཆོག་ཅེས་བཀའ་བཏང་སོང་། ང་ཚོས་ཅི་ཞིག་འབྱུང་གི་ཡོད་པ་ཕྱི་དྲོ་བར་དུ་ཤེས་རྟོགས་བྱུང་མ་སོང་། ང་ཚོ་ཉིན་ཧྲིལ་པོར་སྐྲག་ནས་བསྡད་པ་ཡིན་ཞེས་བཤད། འོན་ཀྱང་གཟའ་སྤེན་པའི་ཕྱི་དྲོར་ཁ་ཤི་གྷ་གྲོང་ཁྱེར་གྱི་གནམ་ཐང་ཡང་སྒོ་བརྒྱབ་པ་རེད་ཅེས་ཁྱབ་བསྒྲགས་བྱས་པ་དང་ཉིན་དེར་ཁ་ཤི་གྷར་གྲོང་ཁྱེར་ལ་འགྲོ་འོང་བྱེད་པའི་གནམ་གྲུ་༣༣་གྱི་འགྲིམ་འགྲུལ་བཀག་པ་རེད་ཅེས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན། ཁ་སང་གཟའ་ཉི་མ་ནས་ཁ་ཤི་གྷར་གྲོང་ཁྱེར་གྱི་གནམ་ཐང་བསྐྱར་དུ་སྒོ་ཕྱེ་ཡོད། གལ་སྲིད་ཁ་ཤི་གྷར་གནམ་ཐང་ནས་ས་གནས་གཞན་ལ་འགྲིམ་འགྲུལ་བྱ་དགོས་ན་ནད་དུག་འགོས་མེད་པའི་དཔང་རྟགས་ཡིག་ཆ་སྟོན་དགོས་ཞེས་བཤད། དེ་རིང་གཟའ་ཟླ་བའི་ཉིན་ཡང་ཁ་ཤི་གྷ་གྲོང་ཁྱེར་ལ་འགྲོ་འོང་བྱེད་པའི་གནམ་གྲུ་༦༩་འགྲིམ་འགུལ་མཚམས་འཇོག་བྱས་ཡོད་པ་ནི་གྲོང་ཁྱེར་དེར་འགྲོ་འོང་བྱེད་པའི་གནམ་གྲུའི་བརྒྱ་ཆ་༥༠་ལྷག་འགྲིམ་འགྲུལ་བཀག་འདུག

ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ནད་དུག་འགོས་ཡོད་པའི་མི་༢༠་ཐམ་པ་དང་ནད་རྟགས་ཐོན་པའི་མི་༡༦༡་བྱུང་སོང་ཞེས་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༡་ནས་རྒྱ་ནག་གིས་ཉིན་ལྟར་ནད་པ་དང་ནད་རྟགས་ཐོན་མཁན་གྱི་གྲངས་འབོར་གསལ་བསྒྲགས་བྱ་རྒྱུ་འགོ་ཚུགས་ནས་བཟུང་། ཁ་སང་གཟའ་ཉི་མར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་མི་༡༨༡་བྱུང་བ་ནི་གྲངས་ཚད་མཐོ་ཤོས་སུ་གྱུར། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཤི་གྷར་གྲོང་ཁྱེར་གྱི་མི་གྲངས་༢༨༤༠༠༠༠་ལ་བརྟག་དཔྱད་བྱས་ཚར་པ་ཡིན། མི་གྲངས་ལྷག་འཕྲོ་མ་རྣམས་ལ་སང་ཉིན་བར་དུ་བརྟག་དཔྱད་བྱས་ནས་ཚར་དུ་འཇུག་རྒྱུ་ཡིན་ཞེས་འཆར་འགོད་བྱས་འདུག ཟླ་བ་འདིར་རྒྱ་ནག་གི་ཆིན་ཏའོ་གྲོང་ཁྱེར་གྱི་ས་ཁུལ་ཞིག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་གྲོང་ཁྱེར་དེའི་མི་གྲངས་༩༠༠༠༠༠༠་ལ་ཛ་དྲག་གིས་བརྟག་དཔྱད་བྱས། ༢༠༢༠་ལོའི་ཕྱི་ཟླ་༢་པ་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་རྩ་འཇོམས་མ་སོང་། ན་ནིང་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་༤༦༣༤་ལ་འཆི་སྐྱོན་དང་མི་༨༥༨༡༠་ནད་མནར་བྱུང་སོང་ཞེས་རྒྱ་ནག་གིས་གཞུང་འབྲེལ་གྱི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་དེའི་གྲངས་འབོར་ལ་འགྱུར་བ་བཏང་མེད་པ་རེད།།

རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་ནན་པོ་བྱས་ནས་ཡུ་གུར་བ་ཚོར་ཕྱི་ལ་འབྲེལ་བ་བྱེད་དུ་འཇུག་གི་མེད་པ་དང་ཕྱི་ལོགས་ཀྱི་ཡུ་གུར་བ་ཚོས་ནང་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པས་རྒྱ་ནག་གཞུང་གིས་ཞིན་ཅང་གི་མི་༡༢༧་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་བྱུང་སོང་ཞེས་གྲངས་འབོར་ཞིག་གསལ་བསྒྲགས་བྱས་པར་རང་བཙན་གྱི་གསར་འགྱུར་ལས་ཁང་ཁང་ཁག་གིས་ངེས་གཏན་བྱེད་དཀའ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་སྟེ་ངལ་རྩོལ་བཙན་བཀོལ་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་མེད་རྩད་གཅོད་མི་ཐུབ་པར་མ་ཟད། ཐོག་མར་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བའི་དུས་སུ་ཞིན་ཅང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༧༠་ཐམ་པ་དང་འཆི་སྐྱོན་བྱུང་བའི་མི་༣་མ་གཏོགས་བྱུང་མེད་ཅེས་བསྒྲགས། ལོ་འདིའི་ཕྱི་ཟླ་༧་པར་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆི་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཉི་མ་༤༠་ཐམ་པར་འགྲོ་འོང་བཀག་སྡོམ་བྱས་པ་དང་ཨུ་རུ་མུ་ཆི་ནས་དབྱིན་ལེ་བརྒྱ་ཕྲག་མང་པོའི་མཚམས་ཀྱི་ས་ཁུལ་ཁག་ལའང་འགྲོ་འོང་བཀག དེར་བརྟེན་ས་གནས་མང་དག་ཅིག་གིས་མི་མང་གིས་དམ་དྲག་བྱ་རྒྱུ་ཐལ་དྲགས་པ་དང་མང་ཚོགས་ལ་དགོས་ངེས་མིན་པའི་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་འཁང་ར་བཤད་ནས་ཕྱི་ཟླ་༨་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་ཨུ་རུ་མུ་ཆི་གྲོང་ཁྱེར་གྱི་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་འདུག

སི་པེན་གྱི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ས་ཞིག་ཏུ། ༢༠༢༠།༡༠།༢༦
སི་པེན་གྱི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ས་ཞིག་ཏུ། ༢༠༢༠།༡༠།༢༦

འདི་ཙམ་ན་ཡུ་རོབ་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བརྒྱབ་སྟེ་རྒྱལ་ཁབ་མང་དག་ཅིག་གིས་སླར་ཡང་འགྲོ་འོང་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། ཕཱོ་ལན་ཌིའི་སྲིད་འཛིན་ལ་ཏོག་དབྱིབས་ནད་དུག་འགོས་ཏེ་ཟུར་འགོག་བྱས་པ་དང་སྲིད་འཛིན་དྷུ་དྷས་ངའི་ཟུངས་ཤུགས་གཏན་ནས་ཉམས་མེད། ངའི་ཟུངས་ཤུགས་མ་ཉམས་པར་འདུག་ཐུབ་པའི་རེ་བ་ཡོད། ཡིན་ནའང་ང་ལ་ནད་དུག་འགོས་ཡོད་པས་ལོགས་སུ་ཟུར་འགོག་བྱས་ནས་འདུག་དགོས་པ་དང་ང་དང་ཆུང་མ་གཉིས་ཀས་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལ་བརྩི་འཇོག་བྱེད་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཕཱོ་ལན་ཌི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༣༦༣༢་བྱུང་། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་ནས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཚབས་ཆེའི་རྒྱལ་ཁབ་ལྔ་ཡོད་པ་ནི་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་བྷེལ་ཇེམ། ནེ་དྷར་ལན་ཌི་དང་སུད་ཛར་ལན་ཌི། ཧྥ་རན་སི་བཅས་ཡིན་ཞིང་། ཕྱི་ཟླ་༡༠་པའི་ཚེས་༢༣་ཉིན་ཧྥ་རན་སིའི་སྲིད་འཛིན་གྱིས་ངས་ཚན་རིག་པ་ཚོར་སྐད་ཆ་དྲིས་པ་དང་ཚན་རིག་པ་ཚོའི་སྐད་ཆར་མཉན་ཚེ། ལོ་གཞུག་མའི་དབྱར་དུས་བར་དུ་ནད་ཡམས་འདིར་གདོང་ལེན་བྱས་ནས་འདུག་དགོས་ཐུག་ས་རེད་ཟེར་གྱི་འདུག དེས་ན་ཧྥ་རན་སིའི་གཞུང་གིས་སླར་ཡང་འགྲོ་འོང་བཀག་སྡོམ་བྱ་དགོས་ཐུག་སྲིད་ཅེས་སྔོན་བརྡ་བཏང་བ་དང་དེང་སྐབས་ཉིན་ལྟར་ཧྥ་རན་སི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་་༤༠༠༠་ཡས་མས་རེ་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། དེ་བཞིན་སི་པེན་དང་འཇར་མན་ཎི། ཨི་ཊ་ལི་དང་དབྱིན་ཇི་བཅས་ལའང་ཏོག་དབྱིབས་རིམས་ནད་བསྐྱར་དུ་ཁྱབ་ནས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཨ་མི་རི་ཀ་འཛམ་གླིང་གི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་རྒྱལ་ཁབ་ཚབས་ཆེན་ཨང་དང་པོ་ཡིན་པར་འགྱུར་བ་ཐེབས་མེད་པ་སྟེ། དེ་རིང་ཕྱི་ཟླ་༡༠་པའི་ཚེས་༢༦་བར་དུ་ཨ་མི་རི་ཀར་མི་༢༢༥༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དང་མི་༨༦༣༦༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་འདུག

XS
SM
MD
LG