ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བསྣུབས་ནས་རྒྱ་ཡིག་དར་སྤེལ། 


China Buying Tibet's Loyalty

༄༅།། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། ལྷན་ཚོགས་དེའི་དུས་མཚམས་ཀྱི་བསྐྱར་ཞིབ་ཚོགས་ཆེན་ཁག རྒྱ་ནག་གཞུང་གིས་ཕྱི་ལ་དྲིལ་བསྒྲགས་ཆེད་དུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་ཡིག་ཆ་རྒྱབ་ཤོག་དཀར་པོ་བཅས་སུ་གྲངས་ཉུང་མི་རིགས་ལ་གཟིགས་སྐྱོང་གང་ལེགས་དང་དེ་དག་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་གཅེས་སྐྱོང་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་གཞུང་གིས་རྒྱ་ཡིག་རྒྱ་སྐད་དར་སྤེལ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་རྩ་མེད་གཏོང་ཐབས་བྱེད་ཀྱི་འདུག་ཅེས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དབྱང་ཅན་ལི་དང་ཧན་ལཱེན་ཁྲའོ་གཉིས་ཀྱིས་ཐུན་མོང་གིས་རྩོམ་ཡིག་ཅིག་བྲིས་ནས་ཕྱི་ཟླ་༧་པའི་ཚེས་༢༩་ཉིན་དྲྭ་ལམ་དུ་འགྲེམ་སྤེལ་བྱས་འདུག

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དབྱང་དང་ཧན་གཉིས་ཀྱིས་མཉམ་འབྲེལ་སྒོས་བྲིས་པའི་རྩོམ་ཡིག་དེར་རྒྱ་ནག་གཞུང་གིས་༢༠༡༩་ལོའི་ཕྱི་ཟླ་༩་ནང་འགྲེམ་སྤེལ་བྱས་པའི་ཡིག་ཆ་རྒྱབ་ཤོག་དཀར་པོ་དེར་མི་དམངས་ལ་བདེ་སྐྱིད་སྐྲུན་ཐབས་དང་ལོ་༧༠་ཐམ་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་གཉིས་སུ་འཐུས་མི་ཡོད་པའི་མི་རིགས་༥༥་ལ་རང་གི་སྐད་ཡིག་བཀོལ་ནས་རྒྱལ་ཁབ་ཀྱི་ལས་དོན་ནུས་པ་ཐོན་པ་ཞིག་སྒྲུབ་ཆོག་པའི་ཐོབ་ཐང་ཡོད་པ་འགན་ལེན་བྱས་ཡོད་ཅེས་བཀོད། འོན་ཀྱང་དོན་དངོས་སུ་རྒྱ་ནག་དམར་ཤོག་ཚོགས་པས་རིམ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁག་གི་ཚབ་ཏུ་རྒྱ་ཡིག་རྒྱ་སྐད་དར་སྤེལ་བཏང་ནས་བོད་རང་སྐྱོང་ལྗོངས་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་དང་ཡུ་གུར་སྐད་ཡིག་གི་ཚབ་ལ་རྒྱ་ཡིག་དང་རྒྱ་སྐད་དར་སྤེལ་གཏོང་གི་འདུག་ཅེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་སྣུབ་ཐབས་བྱེད་ཀྱི་ཡོད་པའི་ངན་ཇུས་རྣམས་ཐེར་འདོན་བྱས་འདུག

དབྱང་ཅན་ལི་དང་ཧན་ལཱེན་ཁྲའོ་གཉིས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་ཆ་ཚང་བྱེད་བཞིན་ཡོད། གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་འཛིན་སྐྱོང་དང་ཁྲིམས་འཛིན། དཔེ་སྐྲུན་དང་རླུང་འཕྲིན། གློག་བརྙན་དང་བརྙན་འཕྲིན། རིག་གཞུང་དང་ཤེས་ཡོན་སློབ་གསོ་རྣམས་མི་རིགས་རང་གི་སྐད་ཡིག་ནང་དུ་སྨྲ་བརྗོད་དང་འབྲི་རྩོམ་བྱེད་ཆོག་པའི་རང་དབང་ཆ་ཚང་ཡོད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉམས་གྲབས་ཡོད་པ་རྣམས་སླར་གསོ་དང་སྲུང་སྐྱོབ་བྱས་པའི་གཞི་གྲངས་སྟོན་རྒྱུ་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་འདུག ཡིན་ནའང་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་རྣམས་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་འགུལ་ཞིག་སྤེལ་ནས་ནང་པ་དང་ཁ་ཆེ། ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་དང་འགོག་རྒོལ་སོགས་ལ་རྒྱ་ནག་གཞུང་གིས་སྣང་འཇོག་མི་བྱེད་པ། ༢༠༡༥་ནས་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཆོས་ལུགས་མཐའ་དག་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་དང་རྒྱ་ནག་གི་རིག་གཞུང་ལ་མཐུན་དགོས་པའི་བཙན་ཁྲིམས་ཤིག་ལག་ལེན་བསྟར་གྱི་འདུག

པེ་ཅིང་གི་དབང་འཛིན་པ་ཚོས་ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་དུ་སྒྱུར་པའི་ལས་འགུལ་སྤེལ་ནས་ཡེ་ཤུའི་ཆོས་དད་པ་དང་ཁ་ཆེའི་ཆོས་དད་པ་སོགས་ལ་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སོང་། དཔེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་ཕྱི་རྒྱལ་གྱི་ཆོས་ལུགས་པ་མཐའ་ལྷུང་རིང་ལུགས་པ་ཚོས་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག་ཅེས་ལན་ཁག་དཀྲིས་ནས་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་དེ་དག་གི་ནང་དུ་བཙོན་འཇུག་བྱེད་ཀྱི་འདུག རྒྱ་ནག་གཞུང་ཧ་ཅང་གི་སྐྲག་ས་དང་བློ་འཚབ་འབྱུང་ས་ནི་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་རེད། རྒྱ་ནག་གཞུང་གིས་རང་གི་གྲངས་ཉུང་མི་རིགས་དེ་ཚོར་ཆོས་ལུགས་བརྒྱུད་ནས་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཐེབས་སྲིད་པའི་དོགས་པ་དང་འཇིགས་སྣང་བྱེད་ཀྱི་འདུག་ཅེས་བསྟན། ད་དུང་ཉམས་ཞིབ་པ་གཞན་ཚོས་བྲིས་པའི་རྩོམ་ཡིག་ཁག་ལ་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཇི་སྲིད་རང་གི་དབང་སྒྱུར་འོག་ཏུ་བསྡུས་པའི་གྲངས་ཉུང་མི་རིགས་ལ་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཐ་དད་ཀྱི་འདུ་ཤེས་ཤིག་ཡོད་ཚེ། དེ་སྲིད་དུ་གྲངས་ཉུང་མི་རིགས་དེ་རྣམས་རྒྱ་ནག་གི་རིག་གཞུང་དང་རྒྱ་ཡིག་རྒྱ་སྐད་ཀྱི་དཀྱིལ་འཁོར་དེར་ཐིམ་མི་ཐུབ་པ། གྲངས་ཉུང་མི་རིགས་དེ་ཚོར་རང་ཉིད་རྒྱ་མི་རིགས་མིན་པའི་འདུ་ཤེས་ཤིག་ཡོད་པས་རྒྱ་ནག་མི་རིགས་ལ་སྒྱུར་མི་ཐུབ་པའི་ཁོག་རྩིས་རྒྱག་གི་འདུག དེས་ན་རྒྱ་ནག་གཞུང་ལ་དོན་དམ་གྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དང་སྐད་ཡིག་སོགས་ལ་སྲུང་སྐྱོབ་བྱ་འདོད་མེད་པ་ཧ་ཅང་གསལ་པོ་རེད་ཅེས་བཀོད།།

དམངས་གཙོ་དོན་གཉེར་བ་དབྱང་ཅན་ལི་དང་ཧན་ལཱེན་ཁྲའོ་གཉིས་ཀྱི་རྩོམ་ཡིག་དེར་ཁ་སྔོན་ཕྱི་ཟླ་༥་པར་ཚོགས་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ནང་སོག་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་སོག་སྐད་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅིག་ལ་ངོས་འཛིན་བྱ་དགོས་པའི་དགོས་འདུན་བཏོན་སོང་། ཁོ་ཚོས་སྔ་ལོ་ཡང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་དགོས་འདུན་གཅིག་མཚུངས་ཤིག་བཏོན་སོང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་འུར་སྒྲོགས་བྱེད་ཀྱི་ཡོད་ཀྱང་སོག་སྐད་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅིག་ལ་ངོས་འཛིན་བྱ་རྒྱུ་དེར་ཐེ་ཚོམ་འཛིན་གྱི་འདུག ནང་སོག་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་སློབ་གྲྭའི་སློབ་ཚན་ཁག་དང་སློབ་ཁྲིད་ཀྱི་སྐད་ཡིག་རྣམས་རྒྱ་ཡིག་རྒྱ་སྐད་དར་ཁྱབ་བཏང་ནས་སོག་སྐད་མཚམས་འཇོག་བྱ་དགོས་པའི་བཀའ་བཏང་སོང་། ༢༠༢༠་ལོའི་ཕྱི་ཟླ་༩་པ་ནས་སྐད་ཡིག་དང་ལོ་རྒྱུས་གཉིས་མ་གཏོགས་སློབ་ཚན་གཞན་རྣམས་རྒྱ་ཡིག་གིས་སློབ་ཁྲིད་བྱ་རྒྱུའི་ཐག་བཅད་འདུག ནང་སོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་སོག་སྐད་ཀྱི་ཡིག་གཟུགས་དང་སྒྲ་གདངས་རྣམས་དབུས་ཨེ་ཤི་ཡ་དང་ནུབ་ཨེ་ཤི་ཡའི་སྐད་ཡིག་ཁག་ལ་འབྲེལ་བ་དམ་ཟབ་ཡོད་པས་དགོས་པ་མི་འདུག དེའི་ཚབ་ཏུ་རྒྱ་ཡིག་རྒྱ་སྐད་དར་ཁྱབ་གཏོང་དགོས་དགོས་པའི་རྒྱུ་མཚན་བགྲང་གི་འདུག ཏོག་དབྱིབས་རིམས་ནད་ཁྱབ་པའི་རྗེས་སུ་ནང་སོག་ས་གནས་ཁག་ཅིག་ལ་སོག་སྐད་སློབ་ཁྲིད་བྱ་རྒྱུ་རྦད་དེ་མཚམས་འཇོག་བྱས་ནས་ཐུང་ལེའོ་གྲོང་ཁྱེར་ལྟ་བུར་མཚོན་ན་སོག་པོ་མི་གྲངས་ས་ཡ་གཅིག་ཙམ་ཡོད་ཀྱང་གྲོང་ཁྱེར་དེའི་སློབ་གྲྭ་ཁག་ཏུ་སོག་སྐད་ཀྱི་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་བྱས་འདུག་ཅེས་བཀོད།།

དབྱང་ཅན་ལི་དང་ཧན་ལཱེན་ཁྲའོ་གཉིས་ཀྱི་རྩོམ་ཡིག་དེར་རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་ཞེས་མིང་སྙན་པོ་ཞིག་བཏགས་ཀྱང་སོག་པོའི་སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་རྣམས་སྣུབ་ཐབས་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་བཏང་ནས་རྒྱ་ཡིག་རྒྱ་སྐད་དར་སྤེལ་དང་སོག་པོ་ཚོ་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་འདིར་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱེད་ཐུབ་ཀྱི་མི་འདུག ནང་སོག་ལ་ཅི་ཞིག་འབྱུང་གི་ཡོད་པ་ནི་ས་གནས་གཅིག་དང་གྲངས་ཉུང་མི་རིགས་གཅིག་ལ་འབྱུང་གི་ཡོད་པའི་གནས་ཚུལ་ཞིག་མ་རེད། རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་ལའང་མི་རིགས་དེ་དག་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ། མི་རིགས་ཀྱི་འདུ་ཤེས་རྣམས་རྩ་མེད་གཏོང་ཐབས་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་སྐད་ཡིག་གཅིག་གྱུར་དང་མི་རིགས་གཅིག་གྱུར་བྱ་དགོས་ཞེས་ཤུགས་སྣོན་རྒྱག་གི་ཡོད་པ་དེའི་མཐར་ཐུག་གི་དམིགས་ཡུལ་ནི་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་ལ་འགྱུར་ཐབས་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་རྩ་མེད་གཏོང་ཐབས། གྲངས་ཉུང་མི་རིགས་ཁག་ལ་རང་ཉིད་རྒྱ་མི་རིགས་ཡིན་པའི་འདུ་ཤེས་བསྐྱེད་ཐབས་ཤིག་རེད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་རིམ་བཞིན་རྩ་བརླག་འགྲོ་རྒྱུ་དང་དེའི་ཚབ་ཏུ་རྒྱ་ཡིག་རྒྱ་སྐད་ཡོངས་ཁྱབ་ཏུ་དར་སྤེལ་གཏོང་ཐུབ་རྒྱུའི་གདེང་ཚོད་འཆང་འདུག་ཅེས་བཀོད་ཡོད་པ་རེད།།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པའི་སྙན་ཐོ་ཁག་ལ་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་བའི་སྲིད་ཇུས་ཁག་ལག་ལེན་བསྟར་གྱི་ཡོད་པ་དང་ཕྱོགས་གཞན་དེར་གྲངས་ཉུང་མི་རིགས་ཀྱི་འདུ་ཤེས་རྩ་མེད། དཔལ་འབྱོར་དང་ཚོང་ལས་། སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་སློབ་ཆེན་སོགས་ལ་རྒྱ་ཡིག་རྒྱ་སྐད་མ་གཏོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མདུན་ལམ་མེད་པའི་ཁོར་ཡུག་ཅིག་སྐྲུན་བྱེད་ཀྱི་འདུག གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོར་རྒྱ་ཡིག་རྒྱ་སྐད་ལ་སྤྱི་སྐད་ཅེས་སློབ་ཁྲིད་བྱས་ནས་རྒྱ་ཡིག་རྒྱ་སྐད་ནི་སོ་སོ་རང་གི་སྐད་ཡིག་ཡིན་པའི་བག་ཆགས་བཞག་སྟེ་འདུ་ཤེས་བསྐྱེད་དུ་འཇུག་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཉེ་བའི་ལོ་ཤས་ཤིག་ནས་གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་ཚོར་རྒྱ་ནག་གི་སྲོལ་རྒྱུན་གྱི་ཆས་གོས་གཡོགས་ནས་འཁྲབ་སྟོན་བྱེད་དུ་འཇུག་པ་དང་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་མི་རིགས་རང་གི་ཆས་གོས་དང་གླུ་གཞས། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྣམས་རྒྱུན་འཛིན་བྱ་རྒྱུ་གཙོ་འདོན་མི་བྱེད་པ། གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་ཚོས་རྒྱ་ཡིག་རྒྱ་སྐད་མ་སྦྱངས་པར་སློབ་ཆེན་ཁག་ལ་ཞུགས་ཐབས་བྲལ་བ། གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་གི་དཔལ་འབྱོར་དང་ཚོང་ལས་རྣམས་ཀྱང་རྒྱ་ཡིག་རྒྱ་སྐད་མ་ཤེས་པར་གཉེར་ཐབས་མེད་པ། མདོར་ན་གྲངས་ཉུང་མི་རིགས་ཚོས་རྒྱ་ཡིག་རྒྱ་སྐད་མ་སྦྱངས་པ་དང་བཀོལ་སྤྱོད་མ་བྱས་པར་འཚོ་གནས་བྱེད་མི་ཐུབ་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG