ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ནོར་འཛིན་དབང་མོ་ནད་གཅོང་དུ་གྱུར་རྗེས་གློད་གྲོལ།


༄༅།། རྒྱ་ནག་གཞུང་གིས་ཡུལ་ཤུལ་ཁུལ། ཆུ་དམར་ལེབ་རྫོང་གི་ཆིག་སྒྲིལ་གྲོང་རྡལ་གྱི་སྔོན་ལུང་སྡེ་པའི་ཕྲུ་གུ་གསུམ་གྱི་ཨ་མ་ནོར་འཛིན་དབང་མོ་༢༠༡༣་ལོར་ཆུ་དམར་ལེབ་རྫོང་དུ་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁོ་མོ་བཙོན་ཁང་དུ་ནད་གཅོང་བཟོས་ཏེ་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་སྟེ། ༢༠༢༢་ལོའི་ཕྱི་ཟླ་༥་པའི་ཚེས་༢་ཉིན་གློད་གྲོལ་བཏང་འདུག་ཅེས་མིང་བརྗོད་འདོད་མེད་པའི་ས་གནས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ནོར་འཛིན་དབང་མོའི་བཟའ་མི་ཚོ་ཆུ་དམར་ལེབ་རྫོང་ལ་ལེན་དུ་ཤོག་ཅེས་བརྡ་བརྒྱབ་པ་ལྟར་ལེན་དུ་ཕྱིན་པའི་སྐབས་དེར་གཡས་གཡོན་ནས་མ་སྐྱོར་ན་མ་གཏོགས་གཟུགས་པོ་འགུལ་སྐྱོད་རྒྱག་མི་ཐུབ་པ་དང་སྨན་ཁང་དུའང་འཁྲིད་དུ་མ་བཅུག་པར་ཁྱིམ་དུ་བཀག་འདུག ནོར་འཛིན་དབང་མོ་ཡར་མར་འགྲོ་སྐྱོད་བྱེད་མི་ཆོག་པའི་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཕྱི་མི་སུ་གཅིག་ལའང་ཐུག་འཕྲད་བྱེད་དུ་འཇུག་གི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ད་ལྟའི་བར་དུ་ནོར་འཛིན་དབང་མོ་སྐྱེ་དགུའི་བཙོན་ཁང་ཞིག་ཏུ་བཅུག་སྟེ་རྐང་ལག་དང་སྒལ་པ་སོགས་ལ་གློག་རྒྱུག་བཙུགས་ཏེ་སྡུག་སྦྱོང་ཚད་མེད་མྱངས་འདུག ཁོ་མོའི་རྐང་ལག་ཚང་མར་རྨ་བཟོས་ཡོད་པ་དང་སྒལ་པ་ཆ་ཚང་འཚིག་ནས་གཉན་བྱས་འདུག་ཟེར། ནོར་འཛིན་དབང་མོར་བཙོན་འཇུག་གི་ཁྲིམས་ཐག་གཅོད་དོན་ནི་༢༠༡༣་ལོའི་ཕྱི་ཟླ་༥་ཚེས་༢༧་ཉིན་གཞོན་སྐྱེས་བསྟན་འཛིན་ཤེས་རབ་ཀྱིས་ཆུ་དམར་ལེབ་རྫོང་། ཆིག་སྒྲིལ་གྲོང་རྡལ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུགས། ༢༠༢༠་ལོར་ནོར་འཛིན་དབང་མོ་འཛིན་བཟུང་བྱས་ཏེ་ལོ་འདིའི་ཕྱི་ཟླ་༥་པའི་ནང་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་ནང་མི་ཚོ་བཙོན་ཁང་དུ་ཐུག་འཕྲད་བྱ་རྒྱུའི་ཐབས་ཤེས་གང་ཐུབ་བྱས་ཀྱང་ཐུག་འཕྲད་གཏན་ནས་བྱེད་དུ་བཅུག་མེད་ཅིང་། ནོར་འཛིན་དབང་མོ་ནི་ཁྲི་འདུ་རྫོང་སྡོམ་མདའ་ཞང་། སྐར་ཆེན་སྡེ་པའི་རུ་ཆེན་དང་པོ་ནས་ཡིན་པ་དང་༢༠༡༦་ལོར་ཆུ་དམར་ལེབ་རྫོང་། ཆིག་སྒྲིལ་གྲོང་རྡལ་གྱི་སྔོན་ལུང་ས་གནས་སུ་གནའ་མར་ཕྱིན་ཏེ་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་ད་ལྟ་ཁྱིམ་དུ་བཟའ་ཟླ་ཉི་མ་གཙོས་བུ་ཕྲུག་༣་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་དྲག་པོ་བཏང་སྟེ་སྲོག་ལ་ཐུག་པའི་སྐབས་སུ་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་དུ་གློད་གྲོལ་བཏང་ནས་བཟའ་མི་ཚོར་རྩིས་སྤྲོད་བྱེད་སྲོལ་ཞིག་ཡོད་ཀྱང་སྲིད་དོན་བཙོན་པ་མང་ཆེ་བ་ཁྱིམ་དུ་བསླེབས་པའི་རྗེས་སུ་ཡུན་རིང་འཚོ་གནས་མི་ཐུབ་པར་འདས་གྲོངས་སུ་འགྱུར་གྱི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG