ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀོང་ཀྲུག་ལ་ནད་དུག་ཁྱབ་པའི་རྗེས་སུ་འགྲིམ་འགྲུལ་བཀག་སྡོམ།


༄༅།། རྒྱ་ནག་གཞུང་གིས་ཕྱི་ཟླ་༥་པའི་ཚེས་༣༡་ཉིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་ལ་འགྲིམ་འགྲུལ་བཀག མི་སུ་འདྲ་ཞིག་ཀོང་ཏུང་ཞིང་ཆེན་གྱི་ཕྱི་ལོགས་སུ་བསྐྱོད་དགོས་ན་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་དགོས། གཟའ་ཟླ་བའི་དགོང་མོའི་ཆུ་ཚོད་༡༠་པའི་རྗེས་སུ་མི་སུ་རུང་གནམ་གྲུ་དང་མེ་འཁོར། སྤྱི་སྤྱོད་རླངས་འཁོར་དང་སྒེར་འཁོར་སོགས་གང་འདྲ་ཞིག་གི་ནང་དུ་ཕྱི་ལ་བསྐྱོད་ཀྱང་ཆུ་ཚོད་༧༢་ཀྱི་ནང་ཚུན་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་དགོས། རྒྱ་ལམ་ཆེ་ཁག་ཏུ་དོ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཚོར་བརྟག་དཔྱད་བྱ་ཡུལ་ས་ཚིགས་གསར་འཛུགས་བྱ་རྒྱུ་ཡིན་ཞེས་བསྒྲགས། ཨ་རིའི་མཉམ་འབྲེལ་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཉིན་ཞག་གཅིག་གི་རིང་དེར་ཀོང་ཏུང་ཞིང་ཆེན་ལ་ས་གནས་རང་དུ་འགོས་པའི་ཏོག་དབྱིབས་ནད་དུག་གི་ནད་པ་གསར་པ་༢༠་ཐོན། འཛམ་གླིང་གི་ས་གནས་གཞན་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ནད་པའི་གྲངས་འབོར་འབུམ་ཕྲག་མང་པོ་འབྱུང་གི་ཡོད་པར་གཞིགས་ཚེ། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཐོན་པ་ཧ་ཅང་ཉུང་ཉུང་ཡིན་ཞིང་། ཀོང་ཀྲུག་གྲོང་ཁྱེར་ལ་མི་འབོར་ས་ཡ་༡༥་ཡོད་པ་དང་ཕྱི་ཟླ་༥་པའི་ཚེས་༢༡་ཉིན་ནས་གྲོང་ཁྱེར་དེའི་ས་གནས་ཤིག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ཀོང་ཏུང་ཞིང་ཆེན་གཞུང་གིས་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་སྔོན་མའི་གཟའ་ལྷག་པ་བར་དུ་མི་༧༠༠༠༠༠་ལྷག་ལ་བརྟག་དཔྱད་བྱས་པ་དང་གཟའ་འཁོར་འདི་ནས་མི་མང་ལ་རྟག་དཔྱད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་ཧ་ཅང་གི་གཟབ་ནན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཀོང་ཀྲུག་ཏུ་མི་མང་ས་ཡ་མང་པོར་བརྟག་དཔྱད་བྱེད་པའི་སྐབས་སུ་གྲྭ་པ་མང་པོ་ཞིག་ལ་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་བྱས་པ། ༢༠༢༡།༥།༣༠ ཉིན།
ཀོང་ཀྲུག་ཏུ་མི་མང་ས་ཡ་མང་པོར་བརྟག་དཔྱད་བྱེད་པའི་སྐབས་སུ་གྲྭ་པ་མང་པོ་ཞིག་ལ་ནད་རྟགས་ཡོད་མེད་ཀྱི་བརྟག་དཔྱད་བྱས་པ། ༢༠༢༡།༥།༣༠ ཉིན།

གཟའ་སྤེན་པ་ནས་ཀོང་ཀྲུག་གྲོང་ཁྱེར་གྱི་ས་ཁུལ་གཅིག་གི་མི་མང་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འབུད་མི་དགོས། མི་མང་དེ་ཚོར་འཕྲོད་བསྟེན་ལས་སྣེ་རྣམས་ཁྱིམ་དུ་བརྟག་དཔྱད་བྱེད་དུ་ཡོང་ཆོག ཚོང་ར་དང་བུ་བཅོལ་ཁང་རྣམས་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་དངོས་སུ་འཛིན་གྲྭར་འཚོགས་མི་དགོས། མི་རྣམས་ཟ་ཁང་ནང་ལོགས་སུ་འདུ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པར་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཉུང་ཤས་རེ་འཐོན་གྱི་ཡོད་ཀྱང་ནད་དུག་དེ་རྣམས་ཕྱི་རྒྱལ་ནས་རྒྱ་ནག་ལ་ཁྱབ་ཀྱི་འདུག་ཅེས་བཀྲལ། ད་ལྟའི་བར་དུ་རྒྱ་ནག་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༡༠༩༩་དང་མི་༤༦༣༦་ལ་འཆི་སྐྱོན་སོང་ཞེས་གཞུང་འབྲེལ་གྱི་གྲངས་ཐོ་ཞིག་བཀྲམ། ཡིན་ནའང་ཉམས་ཞིབ་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་འབུམ་ཕྲག་དང་ས་ཡ་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ད་ལོའི་ཕྱི་ཟླ་༣་པ་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་བཀག་སྡོམ་ཐུབ་ཡོད་ཅེས་རྒྱལ་ནང་ལ་འགྲིམ་འགྲུལ་སྒོ་འབྱེད་དང་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱས་མོད། ཡིན་ནའང་ཕྱི་རྒྱལ་གྱི་འགྲུལ་པ་ཚོས་སྔར་བཞིན་རང་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་རྒྱ་ནག་ལ་བསྐྱོད་དགོས། ད་ལྟ་རྒྱ་ནག་གཞུང་གིས་ཀོང་ཏུང་ཞིང་ཆེན་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་ནི་རྒྱ་གར་ལ་ཁྱབ་ཀྱི་ཡོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རེད་ཟེར། ཀོང་ཏུང་ཞིང་ཆེན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་གར་ལ་ཁྱབ་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་རྒྱ་ནག་ལ་ཇི་ལྟར་ཁྱབ་པ་ཡིན་མིན་གསལ་པོར་མ་བཤད། སྔ་ལོ་ནས་རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་ཡིན་པའི་གླེང་སློང་ཁག་ལ་དགག་པ་དྲག་པོ་བརྒྱབ་ནས་སྐད་ཆ་དེ་རྣམས་འགོག་ཐབས་སུ་འབད།།

དེ་རིང་གཟའ་ཟླ་བའི་ཉིན་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་སྲིད་བློན་གཉིས་ལོ་གཅིག་ལྷག་གི་རྗེས་སུ་ཐུག་འཕྲད་གྲོས་མོལ་བྱུང་ཞིང་། སྲིད་བློན་མོ་རི་སན་དང་སྲིད་བློན་ཨར་ཌེན་རྣམ་གཉིས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་རྩད་གཅོད་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། སྲིད་བློན་མོ་རི་སན་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲས་སུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་བྱ་དགོས་ཞེས་ནན་སྐུལ་བྱེད་མཁན་ཐོག་མ་དེར་གྱུར། ཁོང་གིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་ཞིག་བཟུང་བས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། སྲིད་བློན་མོ་རི་སན་གྱིས་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་གཉིས་ཚོང་ལས་ལ་བརྟེན་པའི་རྒྱལ་ཁབ་གཉིས་ཡིན། ཡིན་ནའང་ང་ཚོས་ནམ་ཡང་རང་གི་བདག་དབང་དང་ལྟ་གྲུབ་རྣམས་བཙོང་མི་སྲིད། ང་ཚོ་གྷ་ལི་པོ་ལི་མཚོ་འགྲམ་གཅིག་པུ་མིན་པར་ཨབ་གྷ་ཎི་སི་ཐན་དང་འཛམ་གླིང་གི་ས་གནས་མང་དག་ཅིག་ཏུ་དཔུང་པ་མཉམ་གཤིབ་ཀྱིས་རང་གི་ལྟ་གྲུབ་དང་ལངས་ཕྱོགས་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བཤད། ནེའུ་ཛི་ལན་ཌིའི་སྲིད་བློན་ཨར་ཌེན་གྱིས་ཀྱང་ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ཏུ་ཨོ་གླིང་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལྟར་རྩ་དོན་མ་དོར་པའི་ལངས་ཕྱོགས་ཤིག་བཟུང་ཡོད། ནེའུ་ཛི་ལན་ཌི་མིག་ལྔའི་གསང་བའི་ལས་ཁུངས་མཉམ་འབྲེལ་ཁོངས་སུ་སྔར་བཞིན་འཛུལ་ཞུགས་བྱ་རྒྱུ་ཡིན་པ་དེར་དོགས་གཅོད་དང་ཐེ་ཚོམ་བྱེད་དགོས་དོན་མེད་ཅེས་བཤད། མིག་ལྔའི་མཉམ་འབྲེལ་གསང་བའི་ལས་ཁུངས་ནི་ཨ་རི་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁུངས་ལ་གོ་དགོས་པ་དང་མིག་ལྔའི་གསང་བའི་ལས་ཁུངས་ཀྱིས་ཕན་ཚུན་གསང་བའི་གནས་ཚུལ་རྣམས་སྤྲོད་ལེན་བྱེད་ཀྱི་ཡོད་པ་རེད།།

ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་སྲིད་བློན་གཉིས་ལོ་གཅིག་ལྷག་གི་རྗེས་སུ་ཐུག་འཕྲད་གྲོས་མོལ་བྱུང་།
ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་སྲིད་བློན་གཉིས་ལོ་གཅིག་ལྷག་གི་རྗེས་སུ་ཐུག་འཕྲད་གྲོས་མོལ་བྱུང་།

ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་སྲིད་བློན་གཉིས་ཀས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་ཏུ་རྩོད་པ་ཇེ་ཆེར་འགྲོ་བཞིན་འདུག ང་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མུ་མཐུད་དུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་ཞིབ་ཚགས་ཤིག་བྱ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད་ཅེས་བཤད། ལྷག་པར་དུ་སྲིད་བློན་མོ་རི་སན་གྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་བྱ་དགོས་པ་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་ཞིག་མ་རེད། འདི་ནི་འཛམ་གླིང་ལ་ཁྱབ་པའི་ནད་ཡམས་འགོག་ཐབས་ཤིག་ཡིན་པ་དང་ནད་ཡམས་འདིས་འཛམ་གླིང་ཡོངས་ལ་དཀའ་ངལ་ཚབས་ཆེན་ཞིག་སྤྲད་སོང་། ང་ཚོས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱས་ནས་མ་འོངས་པར་ནད་ཡམས་འདི་རྣམས་སྔོན་འགོག་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་ཞེས་བཤད། གཟའ་འཁོར་སྔོན་མར་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་ནས་རྒྱ་ནག་གི་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལོ་ཤོར་བ་ཡིན་མིན། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་ཁག་ཅིག་ལ་ནད་མནར་བྱུང་བ་ཏོག་དབྱིབས་ནད་དུག་འགོས་པ་ཡིན་མིན་རྣམས་ཞིབ་འཇུག་བྱ་དགོས། དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་དུ་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕོ་བྲང་དཀར་པོར་ཞིབ་འཇུག་སྙན་ཐོ་འབུལ་དགོས་ཞེས་འགན་སྤྲད། ཉེ་དུས་ཤིག་ནས་འཛམ་གླིང་གི་ཚན་རིག་པ་དང་འཕྲོད་བསྟེན་མཁས་པ་མང་དག་ཅིག་གིས་ཏོག་དབྱིབས་ནད་དུག་རྒྱ་ནག་གཞུང་གིས་བཤད་པ་ལྟར་མ་ཡིན་པར་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་ཡོད་པའི་དོགས་པ་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

ནད་ཡམས་གང་འདྲ་ཞིག་ཡིན་རུང་ནད་པ་ཐོག་མ་དེར་བརྟག་དཔྱད་བྱ་རྒྱུ་གནད་འགག་ཤིན་ཏུ་ཆེ། དེ་བཞིན་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་རྩད་གཅོད་བྱ་རྒྱུའང་གལ་འགངས་ཆེན་པོ་ཡིན་ཞིང་། ནད་པ་ཐོག་མ་དེ་བརྒྱུད་ནས་ནད་ཡམས་ཀྱི་འབྱུང་ཁུངས་འཚོལ་ཐུབ། རྒྱ་ནག་གཞུང་གིས་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཝུ་ཧན་གྲོང་ཁྱེར་གྱི་སེམས་ཅན་གསོན་པོ་འཚོང་ཡུལ་ཤ་ཁྲོམ་ཞིག་ནས་ཏོག་དབྱིབས་ནད་དུག་ཁྱབ་སོང་ཟེར། རྒྱ་ནག་དང་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་ཚོས་དེའི་སྔོན་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་འདུག ཐོག་མའི་ནད་པ་དེ་རྣམས་སུ་སུ་ཡིན་པ་དང་ནད་པ་དེ་ཚོར་ནད་དུག་གང་ནས་འགོས་མིན་རྣམས་རྒྱ་ནག་གཞུང་གིས་རྩད་གཅོད་བྱ་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ནང་གི་ནད་པ་རྣམས་ཀྱི་ནད་རྟགས་དཔེ་མཚོན་རྣམས་ཀྱང་སྦས་གསང་བྱས་ནས་མ་བསྟན། ཁོ་ཚོས་ཝུ་ཧན་ནད་དུག་རྟག་དཔྱད་ཁང་ནས་ནམ་ཡང་ནད་དུག་ཕྱི་ལ་ཤོར་མེད་ཅེས་ཨུ་ཚུགས་བརྒྱབ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཡིས་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་༢༠༡༩་ལོའི་སྟོན་མཇུག་ཏུ་ཝུ་ཧན་ནད་དུག་བརྟག་དཔྱད་ཁང་གི་ཉམས་ཞིབ་པ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་གི་ནད་རྟགས་འདྲ་པོ་ཡོད་པའི་ན་ཚ་ཞིག་ཕོག་ནས་ནད་མནར་བྱུང་འདུག་ཅེས་བཤད། ༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཝུ་ཧན་གྲོང་ཁྱེར་དུ་གློ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་ཀྱི་འདུག་ཅེས་བརྡ་བརྒྱབ། རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་རྟོག་ཞིབ་པ་རྣམས་ལོ་གཅིག་ལྷག་གི་རིང་དུ་ཝུ་ཧན་གྲོང་ཁྱེར་ལ་བརྟག་དཔྱད་བྱེད་དུ་ཡོང་མ་བཅུག རྒྱ་ནག་གི་ཀོང་ཀྲུག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཡེ་ཀྲེན་ཀྲའོ་ཡིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་དང་པོ་ནི་༢༠༡༩་ལོའི་ཕྱི་ཟླ་༩་པའི་ཚེས་༢༣་ཉིན་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཕེ་ཁར་གྱིས་༢༠༡༩་ལོའི་ཕྱི་ཟླ་༡༠་པའི་ཟླ་དཀྱིལ་ནས་ཕྱི་ཟླ་༡༡་པའི་དཀྱིལ་གྱི་དུས་ཡུན་དེའི་བར་དུ་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད།།

XS
SM
MD
LG