༄༅།། རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཚོས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་བསྔགས་བརྗོད། རྒྱ་ནག་གི་དམར་ཤོག་ལམ་ལུགས་སོགས་ལ་ངོ་རྒོལ་བྱས་ནས་སྐད་འཕྲིན་དང་ཛུམ་དྲྭ་ལམ་དུ་གཏམ་བཤད། ཕྱི་ལོགས་ཀྱི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བའི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཚེ། རྒྱ་ནག་གཞུང་གིས་འཕྲལ་དུ་ཤེས་རྟོགས་བྱུང་ནས་སྤྱི་བདེ་མི་སྣ་དང་གསང་བའི་ལས་ཁུངས། རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གི་ལས་སྣེ་ཚོ་སློབ་ཕྲུག་དེའི་ཁྱིམ་ལ་ཡོང་སྟེ་ཕ་མ་དང་གཉེན་ཚན་སོགས་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲད་ནས་སློབ་ཕྲུག་དེའི་ཁ་འགོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་རྒྱ་ནག་གི་སློབ་ཕྲུག་མང་དག་ཅིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་ཞིབ་རྒྱས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཀྲི་ཧའོ་ཁུང་ཞེས་པའི་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཅིག་ཨ་མི་རི་ཀའི་ཨིན་ཌི་ཡ་ན་མངའ་སྡེའི་ཕུར་དྷུ་སློབ་གྲྭར་ཚུད། ཁོ་པ་རྒྱ་ནག་ནས་དབྱིན་ལེ་༧༠༠༠་་ཐམ་པའི་ཕ་རོལ་དུ་ཡོད་པ་དང་གཏམ་བརྗོད་རང་དབང་ཐོབ་སོང་ཞེས་དགའ་ཚོར་གྱིས་བརྟས། སྔ་ལོ་ཀྲི་ཧའོ་ཁུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་དྲྭ་ལམ་ཞིག་ཏུ་༡༩༨༩་ལོར་གནམ་བདེ་སྒོ་མོའི་ཆེའི་ཐང་དུ་ཚེ་སྲོག་ཤོར་བའི་རྒྱ་ནག་གི་སློབ་ཕྲུག་དེ་རྣམས་དཔའ་བོ་རེད་ཅེས་བསྔགས་བརྗོད་བྱས་ནས་ཡོངས་གྲགས་ཀྱི་རྩོམ་ཡིག་ཅིག་བྲིས། དེ་ནས་ཉི་མ་འགའ་ཞིག་གི་རྗེས་སུ་སློབ་ཕྲུག་དེའི་ཕ་མ་ཚོས་རྒྱ་ནག་ནས་ཁ་པར་བཏང་སྟེ་ཀྲི་ཧའོ་ཁུང་ལ་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོ་ཁྱིམ་དུ་བསླེབས་བྱུང་། ཁོ་ཚོས་ཁྱེད་རང་ཚོའི་ཕྲུ་གུས་ཨ་མི་རི་ཀར་དགོས་མི་དགོས་ཚང་མ་བྱེད་ཀྱི་འདུག ཁོ་པར་ཁ་བཙུམས་ནས་བསྡད་ན་ཡག་གི་རེད་ཅེས་ཁ་ཏ་བྱོས་ཟེར་ནས་ཉེན་བརྡ་བཏང་བྱུང་། ཁྱོད་ཀྱིས་འདྲ་མི་འདྲ་གང་ཡང་མ་སྒྲུབས་ཞེས་ཕ་མ་ཚོ་ངུས་ནས་ང་ལ་ཞུ་བ་འཐེན་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག
ཀྲི་ཧའོ་ཁུང་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་མཁན་རྒྱ་ནག་གི་གསང་བའི་ལས་ཁུངས་གཅིག་པུ་མིན་པ་སྟེ། ཕུར་དྷུ་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་གཞན་ཚོས་ཀྱང་ཀྲི་ཧའོ་ཁུང་ལ་རུབ་བརྒྱབ་ནས་ཨ་རིའི་ཕྱི་སོ་ལས་ཁུངས་ཀྱི་གསང་ཉུལ། ཁྱོད་ཀྱིས་ལས་འགུལ་ཅི་ཞིག་སྤེལ་གྱི་ཡོད་པ་རྣམས་ང་ཚོས་ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་དང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་སྙན་སེང་ཞུ་ཆོག་ཅེས་སྡིགས་ར་བསྐུལ། ད་ལོ་རྒྱལ་སྤྱིའི་སྲིད་དོན་གྱི་ལྟ་བ་མི་མཐུན་པའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ཀྲི་ཧའོ་ཁུང་ལ་རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་གཏམ་བཤད་བྱེད་དགོས་ཞེས་གདན་འདྲེན་ཞུས། ཁོ་པས་གཏམ་བཤད་བྱ་རྒྱུའི་ཁས་ལེན་བྱས་ནས་ཛུམ་དྲྭ་ལམ་དུ་སྦྱོང་བརྡར་དང་སྔོན་འགྲོའི་སྟ་གོན་བྱས་ཤིང་། ཉི་མ་འགའ་ཞིག་གི་རྗེས་སུ་སླར་ཡང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོ་སློབ་ཕྲུག་དེའི་ཁྱིམ་དུ་ཡོང་ནས་ཕ་མ་ཚོར་ཐ་ཚིག་བསྒྲགས། ཀྲི་ཧའོ་ཁུང་གི་ཕ་མ་ཚོས་བསྐྱར་དུ་བུ་ལ་ཚོགས་འདུ་སོགས་ཀྱི་ཐོག་ཏུ་གཏམ་བཤད་བྱེད་མི་ཉན། མི་ཚོགས་འདུ་འཛོམས་ཀྱི་ལས་འགུལ་ལ་མ་ཞུགས་ཞེས་འབོད་སྐུལ་ཞུས་འདུག རྒྱ་ནག་གི་སློབ་ཕྲུག་དེས་ངའི་ཛུམ་དྲྭ་ལམ་དུ་གཏམ་བཤད་ཀྱི་སྦྱོང་བརྡར་བྱས་པ་རྒྱ་ནག་དམར་ཤོག་ཚོགས་པས་ཤེས་རྟོགས་བྱུང་ཡོད་པ་ཐག་གཅོད་རེད། ང་ཚོའི་སློབ་ཆེན་འདིའི་རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་སློབ་ཕྲུག་མིན་པ་འདྲ། ངས་བལྟས་ནས་ཁོ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་གསང་ཉུལ་ཡིན་ས་རེད་ཅེས་བཀྲལ། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོས་ཀྱང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྤྱི་དམངས་ཚོར་གནོན་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པ་ལྟར་ཤེས་ཡོན་ཅན་དང་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཚོ་ཚོར་ལྟ་རྟོག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བསྟན།།
ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་གསང་ཉུལ་འཐབ་རྒོལ་ལྟེ་གནས་ཁང་གི་འགོ་ཁྲིད་ཨོར་ལན་ཌོ་ཞེས་པ་ཞིག་གིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་གིས་ཨ་རིའི་རྒྱལ་ཡོངས་སུ་སློབ་སྦྱོང་བྱེད་བཞིན་པའི་ཕྱི་འགྲིམ་སློབ་ཕྲུག་ཚོའི་དྲྭ་ཐོ་ཁག་ལ་ལྟ་རྟོག་བྱས་ནས་རྩོམ་ཡིག་ཅི་ཞིག་འབྲི་བཞིན་ཡོད་པ་དང་གཏམ་བཤད་ཅི་ཞིག་བྱེད་ཀྱི་ཡོད་པ་རྩད་བཅད། ཨ་རིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཁག་ཅིག་ལ་རྒྱ་ནག་གཞུང་གིས་དངུལ་སྒོར་སྤྲད་ནས་རྒྱ་ནག་གི་སློབ་ཕྲུག་གཞན་ཚོར་ལྟ་རྟོག་བྱེད་དུ་བཅུག རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་གིས་མ་འོངས་པའི་མདུན་ལམ་ལ་དམིགས་ཏེ་ཧམ་སེམས་བཅངས་ནས་རྒྱ་གཞུང་གི་དགོས་འདུན་སྒྲུབ། སློབ་ཕྲུག་ཁག་ཅིག་རྒྱ་ནག་གཞུང་ལ་སྐྲག་ནས་དགོས་འདུན་སྒྲུབ། སློབ་ཕྲུག་ཁག་ཅིག་གིས་རྒྱལ་གཅེས་རིང་ལུགས་ཀྱི་ལྟ་བ་བཟུང་ནས་རྒྱ་གཞུང་གི་དགོས་འདུན་སྒྲུབ་ཀྱི་ཡོད་ཅིང་། གལ་སྲིད་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཅིག་གིས་ཨ་རིའི་སློབ་ཆེན་ཞིག་ཏུ་ཐེ་ཝན་དང་བོད་དོན་སོགས་ལ་གཏམ་བཤད་བྱེད་ན་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་གཞན་ཚོས་སློབ་ཕྲུག་དེར་རྒོལ་ལན་སློག་གི་ཡོད་པར་མ་ཟད། རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་ལུས་ཡོད་པའི་སློབ་ཕྲུག་དེའི་ཨ་མ་དང་སྤུན་མཆེད། གཉེན་ཚན་ཚོར་ཁྲིམས་གཅོད་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་འབྱུང་གི་འདུག སློབ་ཕྲུག་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ལྟ་ཚུལ་ཅི་ཞིག་འཛིན་གྱི་ཡོད་མེད་བཤད་ཕོད་ཀྱི་མེད་པ་དང་སུན་གཙེར་ལ་སྐྲག་གི་འདུག རྒྱ་ནག་གི་ཨ་རིའི་སློབ་ཆེན་ཁག་གི་གཏམ་བཤད་རང་དབང་དང་བགྲོ་གླེང་རང་དབང་། སྦྱངས་བཤད་བཅས་ཀྱི་རང་དབང་རྣམས་འགོག་ཐབས་བྱེད་ཀྱི་ཡོད་པ་ཤུགས་ཆེ་རུ་ཕྱིན་འདུག་ཅེས་བཤད།།
ཧར་ཝྭར་ཌི་སློབ་ཆེན་ནས་ཐོན་པའི་ཡུ་གུར་བའི་ཁྲིམས་རྩོད་པ་ཞིག་གིས་སྔ་ལོ་བྷ་རེན་ཌི་སི་སློབ་གྲྭ་ཆེན་མོས་འབོད་སྐུལ་ལྟར་ཞིན་ཅང་གི་གནས་སྟངས་དང་ཁོ་པའི་སྤུན་མཆེད་རྒྱ་ནག་གཞུང་གིས་བཀག་ཉར་ཁང་དུ་བཅུག་སྟེ་ཞིན་ཅང་ན་དཀའ་སྡུག་མྱོང་གི་ཡོད་པའི་གཏམ་བཤད་བྱས་མོད། འོན་ཀྱང་བྷ་རེན་ཌི་སི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཁག་ཅིག་གིས་གཏམ་བཤད་དེར་དྲྭ་ལམ་དུ་གཏོར་བརླག་བྱས་ནས་དྲྭ་ངོས་སུ་སྐྱག་རྫུན་མ་ཤོད། གསར་འགྱུར་རྫུན་མ་ཞེས་ཡི་གེ་འཆར་དུ་བཅུག་པ་དང་དྲྭ་ལམ་དུ་རྒྱ་ནག་གི་རྒྱལ་གླུ་བཏང་ནས་གཏམ་བཤད་བཀག ཐབས་སྐྱོ་བ་ཞིག་ལ་བྷེ་རེན་ཌི་སི་སློབ་ཆེན་གྱིས་རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་གིས་སྤྱོད་ངན་སྤེལ་བ་བཀག་མ་སོང་ཞེས་འཁང་ར་བཤད། དེ་བཞིན་འཇོར་ཇཱི་ཡ་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཅིག་ལ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་ཁ་པར་བཏང་སྟེ་སློབ་ཕྲུག་དེར་གསང་ཉུལ་གྱི་ལས་དོན་བསྒྲུབ་དགོས། ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་ཕྱི་འགྲིམ་སློབ་ཕྲུག་ཚོས་ཅི་ཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་བསྡུ་རུབ་བྱས་ནས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་སྤྲོད་དགོས་ཞེས་གནོན་ཤུགས་སྤྲད། སློབ་ཕྲུག་དེས་ང་ལ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་བྱོས་ཟེར་གྱི་འདུག་ཅེས་ཡོངས་གྲགས་སུ་བསྒྲགས། དེ་ནས་རྒྱ་ནག་གཞུང་གིས་སློབ་ཕྲུག་དེའི་བཟའ་མི་ཚོར་སུན་གཙེར་བྱ་རྒྱུ་འགོ་བཙུགས་པའི་གནས་ཚུལ་ཐོན་འདུག ནེའུ་ཡོཀ་མངའ་སྡེའི་སན་ཊི་ཇཱོན་སི་སློབ་གྲྭར་ཆེན་མོར་ཁྲིམས་ལུགས་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ཁྲེན་ཁྲྭང་ཁྲྭང་ཞེས་པ་ཞིག་གིས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་ལྟ་རྟོག་བྱེད་ཀྱི་ཡོད་པར་བསམ་བློ་བཏང་ན་སྐྲག་སྣང་ཡོང་གི་འདུག འཛིན་གྲྭ་གཅིག་གི་ནང་དུ་རྒྱ་ནག་གི་སློབ་ཕྲུག་གསུམ་བཞི་ཞིག་ཡོད་ན་དོགས་ཟོན་བྱེད་དགོས། རྒྱ་ནག་གི་སློབ་ཕྲུག་སུ་ལ་རྒྱ་གཞུང་གིས་ཡག་པོ་བྱེད་ཀྱི་ཡོད་ན་སློབ་ཕྲུག་དེས་རྒྱ་ནག་གི་སློབ་ཕྲུག་གཞན་ཚོར་ལྟ་རྟོག་བྱས་ནས་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་ཀྱི་ཡོད་པའི་རྟགས་མཚན་རེད། ང་ཚོ་བློ་ཁ་མཐུན་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཁག་ཅིག་གིས་ཏར་འཕྲིན་ཚོགས་པ་ཞིག་བཙུགས་ནས་བགྲོ་གླེང་བྱས་ཀྱང་དེའི་ནང་དུའང་རྒྱ་ནག་གི་གསང་ཉུལ་སིམ་འཛུལ་བྱས་འདུག་ཅེས་བཤད།།
ད་ལོའི་ཕྱི་ཟླ་༧་པར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། ༢༠༢༠་ལོར་རྒྱ་ནག་གི་སློབ་ཕྲུག་༡༦༠༠༠༠་ཡས་མས་ཤིག་ཨོ་གླིང་གི་སློབ་ཆེན་ཁག་ལ་ཞུགས། རྒྱ་ནག་གི་སློབ་ཕྲུག་དེ་དག་སྤྱི་ལེ་སྟོང་ཕྲག་མང་པོའི་ཕ་རོལ་ཏུ་ཡོད་ཀྱང་རྒྱ་ནག་གི་གསང་ཉུལ་ལ་འཇིགས་སྣང་བྱས་ནས་རང་གིས་རང་བཅུན་ནས་འཛེམ་ཟོན་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་སློབ་ཕྲུག་ཚོ་དང་ཧོང་ཀོང་གི་སློབ་ཕྲུག དམངས་གཙོའི་ལྟ་བ་འཛིན་པའི་སློབ་ཕྲུག་ཚོར་ལྟ་རྟོག་བྱེད་དུ་འཇུག་གི་ཡོད་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གི་སློབ་ཕྲུག་ཚོས་རང་ལ་རྒྱ་ནག་གི་སློབ་ཕྲུག་གཞན་ཚོའི་སུན་གཙེར་འཕོག་རྒྱུ་དེར་འཇིགས་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་སྙན་ཐོའི་ནང་དུ་བཀོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཉམས་ཞིབ་པ་སོ་ཧྥི་མེཀ་ནེལ་གྱིས་ཨོ་གླིང་གི་སློབ་ཆེན་ཁག་གིས་རྒྱ་ནག་གི་སློབ་ཕྲུག་ཚོས་འཇིགས་སྣང་དང་སུན་གཙེར་གང་འདྲ་ཞིག་མྱོང་གི་ཡོད་པ་ཤེས་ཀྱི་མེད་པ་འདྲ། ཁོ་ཚོས་རྒྱ་ནག་གི་སློབ་ཕྲུག་ཚོའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་མེད་པ་དང་རྒྱལ་སྤྱིའི་སློབ་ཕྲུག་ཚོའི་སློབ་ཡོན་འབའ་ཞིག་ལ་མགོ་འཁོར་ནས་རྒྱ་ནག་གི་ལག་རིང་ཨོ་གླིང་གི་སློབ་གྲྭ་ཁག་ལ་རྐྱོང་གི་ཡོད་པར་སྣང་མེད་གཏོང་གི་འདུག་ཅེས་ཐེར་འདོན་བྱས་འདུག ཨ་རིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ཁག་ཅིག་དང་ཡུ་གུར་བའི་སློབ་ཕྲུག ཨ་རིའི་ཉམས་ཞིབ་པ་མང་དག་ཅིག་གིས་ཨ་མི་རི་ཀའི་སློབ་ཆེན་ཁག་གིས་ཀྱང་རྒྱ་ནག་གི་སློབ་ཕྲུག་ཚོའི་སློབ་ཡོན་གྱི་ཡོང་འབབ་ལ་བལྟས་ནས་འགྲོ་བ་མིའི་ཐོབ་ཐང་དང་གཏམ་བརྗོད་རང་དབང་། རང་དབང་གི་ཤེས་ཡོན་སློབ་གཉེར་གྱི་རྩ་དོན་རྣམས་བློས་གཏོང་གི་འདུག་ཅེས་སྐྱོན་བརྗོད་བྱས་འདུག