ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཚོར་གནོན་ཤུགས་དང་བསླུ་བྲིད།


༄༅།། ཉེ་ཆར་སྤྱི་ཟླ་༩་ཚེས་༡༥་ཡས་མས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་དཀར་མཛེས་ཁུལ་གྱི་བླ་མ་དང་སྤྲུལ་སྐུ་སོགས་མི་༣༠༠་ལྷག་ཁྲེན་ཏུའུ་གྲོང་ཁྱེར་དུ་ཚོགས་འདུར་བསྡུས་ནས་ཉིན་ཁ་ཤས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་ཡོད་ཅིང་། སྐབས་དེའི་ཚོགས་འདུའི་ནང་དོན་གཙོ་བོ་ནི་མ་འོངས་པར་རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སུ་རྒྱ་གཞུང་གིས་གང་བཤད་པ་དེར་བོད་ཀྱི་བླ་སྤྲུལ་ཚོས་ངོས་ལེན་བྱ་རྒྱུ། ཆོས་ལུགས་མི་སྣ་ཚོས་ཏང་དང་རྒྱལ་ཁབ་གཙོ་བོར་འཛིན་དགོས་པའི་སྐོར་རེད་ཅེས་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པའི་བླ་སྤྲུལ་ཚོ་ལའང་གཅིག་མཚུངས་ཀྱི་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཚོགས་འདུར་དངོས་སུ་ཞུགས་མཁན་ཞིག་གིས་བརྗོད་དོན་ལྟར་ན། ཁོ་ཚོ་ཆབ་སྲིད་ཀྱི་ཚོགས་འདུར་བསྐོངས་དགོས་དོན་ནི་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱེད་དུ་འཇུག་རྒྱུ། རྒྱལ་གཅེས་ཆོས་གཅེས། རྒྱལ་ཁབ་ལ་དགའ་ཞེན་དང་གུང་ཁྲན་ཏང་ལ་དགའ་ཞེན། ལྷག་པར་དུ་མ་འོངས་པར་རྒྱལ་བའི་ཡང་སྲིད་རྒྱ་གཞུང་གིས་ངོས་འཛེན་བྱ་རྒྱུ་ཡིན་པ་དེར་བོད་པའི་བླ་སྤྲུལ་ཚོས་འདོད་མོས་དང་ཁས་ལེན་བྱ་དགོས་པར་མ་ཟད། དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་དགོས་པ་བསྐྱར་ཟློས་བྱས་སོང་། ཚོགས་འདུ་ཉིན་གསུམ་ནས་ལྔ་བར་དུ་ཚོགས་པའི་རྗེས་སུ་རྒྱ་ནག་ནང་ཁུལ་གྱི་ས་ཆ་ཁག་ཅིག་ལ་ཡུལ་སྐོར་སྤྲོ་འཆམ་དུ་ཁྲིད་སོང་། འགྲོ་སོང་ཡོངས་རྫོགས་རྒྱ་གཞུང་གིས་བཏང་སྟེ་མགྲོན་ཁང་སྐར་མ་ལྔ་ཅན་གྱི་ནང་དུ་བཞག་སོང་། ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་བའི་སྐབས་སུ་ཕྱི་རྒྱལ་བ་ཚོར་སྐད་ཆ་བཤད་པའམ། ཡང་ན་ཁོ་ཚོའི་མཉམ་དུ་འདྲ་པར་ལེན་པ་སོགས་གཏན་ནས་བྱེད་ཆོག་གི་མི་འདུག ཁོ་ཚོས་ལྟ་རྟོག་ནན་པོ་བྱས་སོང་ཞེས་གནས་ཚུལ་ངོ་སྤྲོད་བྱས་འདུག

འདི་དང་དུས་མཚུངས་སུ་ཟླ་བ་འདིར་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོའི་མཚོ་བྱང་ཡན་ལག་སློབ་གྲྭ་ཞེས་པ་ཞིག་སྒོ་ཕྱེ་འདུག དེ་ནི་རྒྱ་ནག་གཞུང་གིས་སྟངས་འཛིན་དོ་དམ་འོག་ཏུ་ཏང་དང་རྒྱལ་ཁབ་གཙོ་བོར་འཛིན་པའི་ནང་བསྟན་རིག་གཞུང་སྦྱང་ས་ཞིག་ཡིན་པ་ལས་བོད་ཀྱི་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་བྱེད་ཕྱོགས་དང་གཏན་ནས་མ་འདྲ་བ་ཞིག་རེད། རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པའི་དམིགས་ཡུལ་ནི་བོད་ཀྱི་ཆོས་དང་རིག་གཞུང་མེད་པར་བཟོས་ཏེ་གུང་ཁྲན་ཏང་གི་བསམ་བློའི་སློབ་གསོ་རྒྱུན་འབྱམས་སུ་གཏོང་ཐབས་ཤིག་ཡིན་འདུག ཡན་ལག་སློབ་གྲྭ་དེར་འཛུལ་ཞུགས་བྱེད་མཁན་ཚོར་རྒྱ་གཞུང་གིས་ངོས་འཛིན་ཡོད་པའི་ལག་ཁྱེར་ཡི་གེ་ཞིག་སྤྲོད་པ་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སློབ་གསོ་སྤྲོད་མཁན་གྱི་གྲས་སུ་གཏོགས་དགོས་ཀྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་བ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG