ཇར་མི་ནིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་ བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཐ་ཞན་ནམ་ སྐྱོ་པོ་ཡོད་པའི་ཐད་ རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཁོང་ལ་ རྒྱ་ནག་དང་བོད་ནང་ཕེབས་རྒྱུའི་ཐོངས་མཆན་ཝི་ས་མ་སྤྲད་པའི་གནས་ཚུལ་བྱུང་ཡོད་པ་དེའི་ཐོག་ནས་ དེང་སྐབས་རྒྱ་ནག་གཞུང་གིས་ ཡུ་རོབ་ཀྱི་ནང་ བཙན་བཤེད་ཆེས་བའི་ཕྱི་འབྲེལ་གྱི་ཐབས་བྱུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེར་ ཕྱི་ནང་གི་མི་མང་པོས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད་ དེ་ཡང་ ཇར་མི་ནིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མཱ་ཡི་ཀྷལ་ བྷི་རེནྜ་ཡིས་ གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་གནང་སྟེ་ ཕྱི་ཟླ་ལྔ་པའི་ཟླ་མཇུག་ཏུ་ བོད་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ་གནང་ཡོད་ཀྱང་ རྒྱ་ནག་གཞུང་གིས་ཐོངས་མཆན་མ་སྤྲད་པར་བརྟེན་གསར་འགོད་པ་རྣམས་ཀྱིས་ཁོང་ལ་དེའི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་པར་ ཁོང་གིས་ སྲིད་དབང་གཅིག་སྡུད་ཀྱི་སྲིད་གཞུང་རྒྱ་ནག་དང་ ར་ཤི་ཡ་ དེ་བཞིན་ ཏྲར་ཀི་ལ་སོགས་པས་ རང་སྐྱོན་ཐེར་འདོན་མི་ཆོག་པའི་དམ་དྲག་དང་ བཙན་གནོན་གྱི་བྱ་སྤྱོད་དེ་རིགས་ལ་ང་ཚོས་དང་ལེན་གཏན་ནས་བྱེད་ཐབས་མེད་ཅིང་ ལྷག་པར་དུ་ བྱ་སྤྱོད་ངན་པ་འདི་རིགས་ཇར་མི་ནི་ཚུད་པའི་རྒྱལ་ཁབ་གཞན་ལ་བཙན་འགེལ་བྱ་ཐབས་བྱེད་པ་འདིར་ང་ཚོས་དང་ལེན་གཏན་ནས་བྱ་རྒྱུ་མིན་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་ རྒྱ་ནག་གི་ ནང་སྲིད་ཀྱི་གནད་དོན་ཞིག་རྩ་བ་ནས་མིན་པས་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུག་པའི་སྐབས་ང་ཚོས་བསྟུན་མཁས་དང་ ངོ་སྲུང་གི་བྱ་ཐབས་ལག་བསྟར་བྱས་པ་ཡིན་ན་ཕན་ཐོགས་གཏན་ནས་མེད་ཅེས་གསུངས་ཡོད་པ་རེད།