ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༢༣

ལི་ཁེ་ཆང་རྒས་ཡོལ་དང་ཞིས་ཅིན་ཕིང་གི་ཕྱོཊ་གཏོགས་པ་ཚོས་དབང་འཛིན།


༄༅།། ལི་ཁེ་ཆང་གིས་ལོ་༡༠་ལ་རྒྱ་ནག་གི་སྲིད་བློན་གྱི་གོ་གནས་བཟུང་སྟེ་གཟའ་ཟླ་བའི་ཉིན་གཏམ་བཤད་མཐའ་མ་དེ་བྱས་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༡༠་པར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ལི་ཁེ་ཆང་རྒས་ཡོལ་དུ་འགྲོ་བའི་ལོ་ཚད་ལོན་མེད་ཀྱང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་འདེམས་ཐོན་མ་བྱུང་། དེ་ནི་ཞིས་ཅིན་ཕིང་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལས་ཀྱང་རང་ལ་གཞུང་དྲང་བློ་དཀར་གྱི་ལས་སྣེ་ཚོ་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གྲས་སུ་བསྐོ་བཞག་བྱ་རྒྱུ་གཙིགས་སུ་བ་ཞིག་ཡིན་འདུག ལི་ཁེ་ཆང་གི་ལས་འགན་མཐའ་མ་དེ་གཟའ་ཟླ་བའི་ཉིན་རྒྱལ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་རྒྱལ་དོན་སྲི་ཞུ་སྙན་སྒྲོན་དང་རྒྱ་ནག་མི་དམངས་ཀྱི་དཔལ་འབྱོར་སླར་གསོ་ལ་འབད་བརྩོན་བྱ་དགོས་ཞེས་བསྒྲགས། སྔོན་ཆད་ལི་ཁེ་ཆང་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་དུ་འགྱུར་རྒྱུའི་ཚོད་དཔག་བྱས། ཞིས་ཅིན་ཕིང་ནས་རྒྱ་ནག་གི་མངའ་ཐང་བསྐྱར་དར་ལ་འབད་བརྩོན་བྱ་རྒྱུའི་ཚབ་ཏུ་དམག་དང་བདེ་འཇགས་སྲུང་སྐྱོབ་གནད་འགག་ཏུ་བརྩིས་ཏེ་ལི་ཁེ་ཆང་ཟུར་དུ་ཕུད། སྐབས་འགར་ལི་ཁེ་ཆང་རྒྱ་ནག་མི་དམངས་ཀྱི་མིག་ལམ་དུ་མཐོང་ཐོས་མེད་པར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཨང་གཉིས་པ་ཡིན་པའང་གསལ་པོ་ཞིག་ཤེས་དཀའ་བའི་གནས་ཚུལ་ཐོན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཤར་ཕྱོགས་དང་ཨ་ཧྥི་རི་ཀའི་ཞིབ་འཇུག་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་ཁང་གི་འགན་འཛིན་སི་ཊིབ་ཙང་གིས་བཤད་པ་ལྟར་ན། ཞིས་ཅིན་ཕིང་སྐྱེ་བོ་སྒེར་ལ་གཞུང་དྲང་བློ་དཀན་ཡིན་མིན་གནད་འགག་ཏུ་རྩི་བའི་དུས་སྐབས་འདིར་ལི་ཁེ་ཆང་མཐའ་གཅིག་ཏུ་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཞིག་ཡིན་པའི་ངེས་པ་མེད། ཞིས་ཅིན་ཕིང་གིས་བཀའ་བཏང་ནས་ལི་ཁེ་ཆང་མངོན་གསལ་དོད་པོ་བྱེད་དུ་བཅུག་མེད་པས་རྒྱ་ནག་མི་དམངས་ནས་ལི་ཁེ་ཆང་བརྩེ་སེམས་ཀྱི་སྒོ་ནས་དྲན་པར་འགྱུར་སྲིད། རྒྱལ་སྤྱིའི་ཐོག་ཏུ་ལི་ཁེ་ཆང་ནི་མི་འཇོན་པོ་དང་གཟབ་ནན། རྣམ་དཔྱོད་ལྡན་པ་དང་ཐེམ་པ་རིམ་འཛེགས། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་ལྟ་བ་འདྲ་མིན་འཛིན་ཆོག་པའི་ལྟ་སྟངས་འཛིན་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དུས་རབས་སྔོན་མའི་ལོ་རབས་༩༠་ནང་དུ་ལི་ཁེ་ཆང་གིས་ཧོ་ནན་ཞིང་ཆེན་གྱི་སྤྱི་ཁྱབ་དང་དེའི་རྗེས་སུ་ཞིང་ཆེན་དེའི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་། སྐབས་དེར་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོ་དང་སྨན་ཁང་གི་ལས་སྣེ་ཚོ་ཁ་མཐུན་བྱས་ནས་མི་ལ་ཨེ་ནད་ཅན་གྱི་ཁྲག་བཙོག་པ་བརྒྱབ་སྟེ་ཨེ་ནད་ཁྱབ་པ་ཐེར་འདོན། ལི་ཁེ་ཆང་རྒྱ་ནག་གིས་ནུབ་ཕྱོགས་ལ་སྒོ་མོ་ཕྱེ་པའི་དུས་སུ་སློབ་སྦྱོང་ཐོབ་པའི་མི་ཞིག་ཡིན་པས་དབྱིན་སྐད་ཅུང་ཟད་ཀྱང་བཤད་ཐུབ། ཁོ་པ་པེ་ཅིང་སློབ་གྲྭ་ཆེན་མོར་ཚུད་དེ་༡༩༦༦་ནས་༧༦་བར་དུ་ལངས་པའི་རྒྱ་ནག་གི་རིག་གནས་གསར་བརྗེའི་དུས་སུ་ཆབ་སྲིད་ལ་མཚམས་སྦྱོར་བྱུང་སྟེ་ཁྲིམས་དང་དཔལ་འབྱོར་རིག་པ་སྦྱངས། ཁོ་པ་སློབ་ཆེན་ཐོན་པའི་རྗེས་སུ་གུང་གཞོན་ཚོགས་པར་ཆེད་ལས་བསྒྲུབ་ཏུ་བསྐྱོད། རྒྱ་ནག་གི་གུང་གཞོན་ཚོགས་པ་ནི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་སྐྱེད་སྲིང་བྱ་ཡུལ་ཞིག་ཡིན་པ་དང་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཧུ་ཅིན་ཐའོ་ཡང་གུང་གཞོན་ཚོགས་པ་ནས་ཐོན། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གཞན་ལྟར་ཕ་མ་སོགས་ཀྱི་རྒྱབ་རྟེན་མེད་པར་ལི་ཁེ་ཆང་རང་གིས་ནུས་པར་བརྟེན་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་གྲས་སུ་ཚུད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དར་འཕྲིན་ཞིག་ཝི་ཁི་ལིག་དྲྭ་ཚིགས་སུ་ཕྱིར་བསྒྲགས་བྱུང་བ་དེའི་ནང་དུ་ལི་ཁེ་ཆང་ནས་རྒྱ་ནག་གི་དཔལ་འཕེལ་རྒྱས་ཀྱི་གཞི་གྲངས་རྣམས་མིས་བཟོས་པ་རེད། ངས་རྒྱ་ནག་ལ་གློག་གི་དགོས་མཁོ་ཅི་ཙམ་ཡོད་མེད་དང་མེ་འཁོར་ལྕགས་ལམ་ཐོག་གི་སྐྱེལ་འདྲེན། དངུལ་སྒོར་བུན་སྐྱི་སོགས་ལ་བལྟས་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བཤད་མྱོང་ཡོད་པའི་གནས་ཚུལ་ཐོན་འདུག

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་དང་ལི་ཁེ་ཆང་གཉིས་ལྟ་གྲུབ་མ་མཐུན་པར་འགལ་ཟླ་བྱུང་བའི་རྣམ་པ་ཞིག་གསལ་པོ་ཞིག་ནམ་ཡང་བསྟན་མྱོང་མེད་ཀྱང་ཁོ་པ་གཉིས་ཀྱི་འབྲེལ་བ་དེ་གཏན་ནས་ཡག་པོ་ཞིག་བྱུང་མེད་ཅིང་། དཔེར་ན་མའོ་ཙེ་ཏུང་དང་ཀྲུག་ཨེན་ལེ། ཅང་ཙེ་མིན་དང་ཀྲུ་རོང་ཅི། ཧུ་ཅིན་ཐའོ་དང་ཝེན་ཅ་པའོ་རྣམས་འབྲེལ་བ་ཡག་པོ་བྱུང་བ་ལྟར་མ་བྱུང་། ཐོག་མར་ཧུ་ཅིན་ཐའོ་ཡི་རྗེས་འཛིན་པར་ལི་ཁེ་ཆང་བསྐོ་བཞག་བྱ་རྒྱུ་བྱས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་སྟེ་སྲིད་བློན་ཟུར་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་རྒན་གྲས་ཏེ། ཞིས་ཀྲུང་ཞིན་གྱི་བུ་ཞིས་ཅིན་ཕིང་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་པའི་འགོ་ཁྲིད་ལ་བསྐོས། ལི་ཁེ་ཆང་རྒྱ་ནག་གི་འགོ་ཁྲིད་ཨང་གཉིས་པ་སྲིད་བློན་ལ་བསྐོ་བཞག་བྱ་དགོས་པར་གྱུར། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བྷུ་རུ་ཀིང་སི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཁྲེང་ལིས་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་རྒན་རབས་པ་ཚོར་བུ་རབས་ཚ་རྒྱུད་མང་པོ་ཡོད་པ་དེ་དག་གི་གྲས་སུ་ཞིས་ཅིན་ཕིང་འབུར་དུ་ཐོན་པ་ཞིག་མིན་མོད། འོན་ཀྱང་ལི་ཁེ་ཆང་གིས་དམར་ཤོག་ཚོགས་པའི་མཐུན་སྒྲིལ་གཙུག་ཏུ་བཀུར་ཏེ་མཉམ་ལས་ཀྱི་འདུ་ཤེས་བཅངས་པ་རེད་ཅེས་བསྟན། ཡིན་ནའང་ལི་ཁེ་ཆང་གིས་སྲིད་བློན་གྱི་གོ་གནས་བཟུང་བའི་རིང་དེར་དུས་ཚོད་དམ་འཛིན་བྱས་ཐུབ་མེད་པ་སྟེ། ཁོ་པས་ལོ་ལྟར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གཏམ་བཤད་བྱས་པའི་སྐབས་སུ་གཞི་གྲངས་དང་བརྗོད་གཞི་རྣམས་བསྐྱར་ཟློས་བྱས་ནས་དུས་འདའ། རྒྱ་ནག་ལ་ལོ་གསུམ་རིང་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུའང་ལི་ཁེ་ཆང་གིས་ནད་འགོག་གི་སྲིད་ཇུས་ནུས་པ་ཐོན་པ་ཞིག་འཛིན་མ་ཐུབ་པར་ཞིས་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༦་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་ཝང་ཤང་ཝེས་རྩོམ་ཡིག་བྲིས་པ་ལྟར་ན། ཞིས་ཅིན་ཕིང་ནས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་དང་༢༠༤༩་ལོར་རྒྱ་ནག་འཛམ་གླིང་དབང་དུ་བསྡུ་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བསྒྱུར་འདོད་ཡོད་ཀྱང་གཡོལ་ཐལ་ཅན་ཚོས་འགོག་རྐྱེན་བཟོ་ཤས་ཆེ། ཞིས་ཅིན་ཕིང་གིས་ངེས་པར་དུ་ཆེས་གཡོན་ཐལ་ཅན་ཚོ་མགོ་བོ་མནན་ཏེ་རྒྱ་ནག་དོན་དངོས་དང་མཐུན་པའི་ཡར་རྒྱས་ཀྱི་ཕྱོགས་སུ་ཁ་ལོ་བསྒྱུར་དགོས། ༡༩༢༡་ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་བཟུང་སྟེ་གཡོན་ཐལ་ཅན་དང་དོན་དངོས་རིང་ལུགས་པ་ཚོར་འཐབ་རྩོད་བྱུང་སྟེ་ཆག་སྒོ་དང་གྲུབ་འབྲས་གཉིས་ཀ་བྱུང་། མའོ་ཙེ་ཏུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་ཐོག་མའི་༣༠་ཐམ་པའི་རིང་གཡོན་ཐལ་ཅན་ཚོས་སྐུལ་སློང་བྱས་ནས་ལྟ་གྲུབ་དང་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་བསླངས་ཏེ་རྒྱ་ནག་ལ་རྐྱེན་ངན་བར་ཆད་ཟམ་མི་ཆད་པར་བྱུང་། ལོ་རབས་༧༠་པའི་མཇུག་ཏུ་ཏིན་ཞའོ་ཕིང་གིས་རིག་གནས་གསར་བརྗེ་མཇུག་བསྡུས་ཏེ་ཕྱི་ལ་སྒོ་མོ་ཕྱེ། རྒྱ་ནག་གི་དཔལ་འབྱོར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་འཕེལ་རྒྱས་སོང་། རྒྱ་ནག་གི་མདུན་སྐྱོད་ཆེན་མོ་དང་གཡས་རྡུང་གི་ལས་འགུལ་སོགས་བརྗེད་མི་ཉན། ཏིན་ཞའོ་ཕིང་གིས་རྟག་ཏུ་རྒྱ་ནག་དམར་ཤོག་ཚོགས་པས་ཆེས་གཡོལ་ཐལ་གྱི་ལྟ་བ་དང་ཆེས་གཡས་ཐལ་གྱི་ལྟ་བར་དོགས་ཟོན་བྱ་དགོས་པའི་དྲན་སྐུལ་བྱས་མྱོངས། ཁོང་གིས་ཕྱི་རྒྱལ་གྱི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་དང་སྒེར་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་རྩོད་པ་རྒྱག་མི་དགོས་པའི་ལངས་ཕྱོགས་བཟུང་བ་རེད། ཏིན་གྱི་རྗེས་འཛིན་པ་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་གཉིས་ཀྱང་ལམ་ཕྱོགས་དེར་ཤར་སྐྱོད་བྱས་ནས་ཁྲོམ་རའི་སྟོབས་ཤུགས་རྒྱ་སྐྱེད་དང་རྒྱ་ནག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བསླེབས་ཐུབ་པ་ཞིག་བྱུང་བ་རེད། ཞིས་ཅིན་ཕིང་གིས་ཅི་ནས་ཀྱང་ཏིན་ཞའོ་ཕིང་གིས་བསྟན་པའི་ལྟ་གྲུབ་ལ་བསྐྱར་དུ་སློབ་སྦྱོང་བྱེད་དགོས་པའི་དུས་སུ་བསླེབས་འདུག་ཅེས་ནན་བརྗོད་བྱས་འདུག

ཝང་ཤང་ཝེའི་རྩོམ་ཡིག་དེར་མུ་མཐུད་དུ་འཁོད་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་རྒྱ་ནག་གི་ཆེས་གཡོན་ཐལ་ཅན་ཚོར་སྟོབས་ཤུགས་རྒྱས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བརླག་འབྱུང་རྒྱུའི་ཉེན་ཁ་ཕྲད། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གི་ཤར་ཕྱོགས་ནས་ནུབ་ཕྱོགས། ལྷོ་ཕྱོགས་ནས་བྱང་ཕྱོགས་བཅས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤྱི་ཚོགས་ཧྲིལ་པོར་དམར་ཤོག་ཚོགས་པས་དབང་བསྒྱུར་དམ་པོ་བྱ་རྒྱུ་དང་ཁོ་པ་རང་གི་སྲིད་དབང་སྲ་བརྟན་གཏོང་རྒྱུ་འབའ་ཞིག་ལ་འབུངས། ཞིས་ཅིན་ཕིང་གིས་ཕྱི་ཕྱོགས་སུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་བཅག་སྟེ་ལྟ་གྲུབ་ཀྱི་འཐབ་རྩོད་བསླངས། ཏིན་ཞའོ་ཕིང་གིས་རང་གི་སྟབས་ཤུགས་སྤས་ཏེ་དུས་ཚོད་དམ་འཛིན་བྱ་དགོས་ཞེས་གདམས་པའི་མན་ངག་ལ་རྒྱབ་འགལ། ད་ལྟ་རྒྱ་ནག་ལམ་གྱི་བཞི་མདོ་ཞིག་ཏུ་བསླེབས་ཡོད་པ་དང་ཞིས་ཅིན་ཕིང་གིས་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་ནས་དཔལ་འབྱོར་ཉམས། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་ཆུ་བོ་གྱེན་ལྡོག་ལྟ་བུའི་དཀའ་ངལ་ཆེ། ཞིས་ཅིན་ཕིང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་བཅག་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་ཐེ་ཚོམ་འཛིན་དགོས་པར་གྱུར། ད་དུང་རྒྱ་ནག་གི་སྒེར་གཉེར་བཟོ་ཚོང་ལས་ཁུངས་ཁག་ལ་དམ་དྲག་བྱེད་ཀྱི་ཡོད་པ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་རེད། རྒྱ་ནག་གི་ཆེས་གཡོན་ཐལ་ཅན་ཚོས་རྒྱལ་གཅེས་དང་དམར་ཤོག་ཚོགས་པའི་ལྟ་གྲུབ་ཟེར་ནས་ཨ་རི་དགྲར་འཛིན་དང་སྒེར་གཉེར་བཟོ་ཚོང་ལས་ཁུངས་ཁག་རྩ་མེད་གཏོང་རྒྱུའི་ངན་ཇུས་བཤམས། དེང་སྐབས་ཆེས་གཡོན་ཐལ་ཅན་ཚོས་རྒྱ་ནག་གི་ནང་སྲིད་དང་ཕྱི་སྲིད་གཉིས་ཀར་ཁ་ལོ་སྒྱུར་གྱི་འདུག་ཅེས་གསལ་སྟོན་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG