ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་ལ་གློག་ཆད་ནས་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན།


༄༅།། རྒྱ་ནག་གི་བཟོ་གྲྭ་ཁག་ལ་གློག་ཆད་ནས་ལས་མཚམས་འཇོག་དགོས་ཐུག་པ་དང་ཀུ་ཤུ་ཁ་པར་དང་ཊེ་སི་ལ་རླངས་འཁོར་སོགས་ཀྱི་ལྷུ་ལག་རྣམས་བཟོ་ཐུབ་ཀྱི་མེད་པ། རྒྱ་ནག་བྱང་ཕྱོགས་ཀྱི་ས་གནས་ཁག་ཏུ་ཚོང་ཁང་མང་ཆེ་བས་ལཱ་སྒྲོན་སྦར་ནས་ཚོང་ལས་གཉེར་དགོས་པ་དང་ཚོང་ཁང་མང་དག་ཅིག་ལ་ལཱ་སྒྲོན་གྱིས་ཕན་ཐོགས་མ་བྱུང་བར་སྒོ་བརྒྱབ། ད་དུང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལའང་འགོག་རྐྱེན་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ཐོན། ཕྱི་ཟླ་༩་པའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ཨ་རིའི་གྷོལ་མན་ས་ཆེ་དངུལ་ཁང་གིས་རྒྱ་ནག་རྒྱལ་ཡོངས་སུ་གློག་ཆད་པ་དང་བཟོ་ཚོང་ལས་ཁང་ཁག་སྒོ་བརྒྱབ་པ། ཁྱིམ་ཚང་ས་ཡ་མང་པོར་གློག་མེད་པའི་དཀའ་ངལ་གྱིས་རྒྱ་ནག་གི་ལོ་རེའི་དཔལ་འབྱོར་ཐོན་སྐྱེད་སྔར་བཞིན་འཕེལ་རྒྱས་འགྲོ་མི་ཐུབ་པའི་སྔོན་དཔག་བྱས་ཤིང་། དེང་སྐབས་ཉུང་མཐར་ཡང་རྒྱ་ནག་གི་ཞིང་ཆེན་དང་ས་གནས་༡༧་ལ་གློག་གཅོད་པ་དང་གློག་གཏོང་རྒྱུ་ཉུང་དུ་བཏང་སྟེ་ས་གནས་ཁག་ལ་གློག་བགོ་བཤའ་རྒྱག་དགོས་བྱུང་འདུག ཞིང་ཆེན་དེ་དག་ནི་རྒྱ་ནག་གི་བཟོ་ལས་ས་ཁུལ་གཙོ་བོ་རྣམས་ཡིན་པ་དང་རྒྱལ་ནང་གི་སྤྱི་ཡོངས་ཐོན་སྐྱེད་བརྒྱ་ཆ་༦༦་བཟོ་འདོན་བྱ་ཡུལ་གྱི་ས་གནས་ཁག་རེད་ཅེས་གནས་ཚུལ་ཐོན། རྒྱ་ནག་གི་བཟོ་གྲྭ་ཁག་གི་གློག་ཤུགས་བརྒྱ་ཆ་༦༠་ལྷག་རྡོ་སོལ་ལ་བརྟེན། ཏོག་དབྱིབས་ནད་ཡམས་ཀྱི་བར་ཆད་དང་ནག་རྫས་དུད་རླངས་ཉུང་འཕྲི། རྒྱ་ནག་དང་ཨོ་གླིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་ཨོ་གླིང་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་མཚམས་འཇོག རྒྱ་ནག་གི་སྤྱི་ཚོགས་སུ་རྡོ་སོལ་གྱི་དགོས་མཁོ་ཇེ་མང་དུ་སོང་བ་བཅས་ཀྱིས་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་པའི་གློག་ཤུགས་ཆད་ཀྱི་ཡོད་པ་རེད།།

ཁ་སང་གཟའ་ཟླ་བའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མ་ནས་རྒྱ་ནག་གི་བྱང་ཤར་ས་ཁུལ་ཁག་ཏུ་གློག་བགོ་བཤའ་བརྒྱབ་སྟེ་ས་གནས་སོ་སོར་གློག་ཚོད་འཛིན་བྱས་ནས་གཏོང་འགོ་ཚུགས། ཁྲང་ཁྲུན་གྲོང་ཁྱེར་ཚུད་པའི་ས་གནས་མང་དག་ཅིག་གི་མང་ཚོགས་ཀྱིས་གློག་རྒྱུན་ཡང་ནས་ཡང་དུ་ཆད་ཀྱི་ཡོད་པ་དང་གློག་མེད་པའི་དུས་ཡུན་ནི་ཇེ་རིང་རེད་ཅེས་བཤད། རྒྱ་གཞུང་གི་གློག་ཁང་ཁག་གིས་མི་དམངས་ལ་སྔ་དགོང་གཉིས་སུ་གློག་མི་ཆད་པ་དང་མུན་ནག་ནང་དུ་མི་ལུས་པའི་འབད་བརྩོན་བྱེད་ཆོག་ཅེས་ཁས་ལེན་བྱས་ཀྱང་ཁས་ལེན་དེ་རྣམས་དོན་འཁྱོལ་ཐུབ་མིན་ངེས་གཏན་བྲལ། པེ་ཅིང་གསར་འགྱུར་ཞེས་པའི་ས་གནས་ཀྱི་བརྙན་འཕྲིན་ནང་དུ་རྒྱ་ནག་གི་ཧྲེན་དབྱང་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཤུགས་ཆེན་བྱ་ཡུལ་རྒྱ་ལམ་ཞིག་ལ་རྦད་དེ་གློག་ཆད་ནས་མུན་ནག་ཡིན་ཞིང་། ལེའོ་ཉིང་ཞིང་ཆེན་གྱི་མི་ཞིག་གིས་དྲྭ་ལམ་དུ་ང་ཚོར་བསྟུད་མར་ཉིན་རེར་གློག་ཐེངས་༨་རེ་བཅད་ནས་ཉིན་བཞི་འགྲོ་བཞིན་ཡོད། འདི་ནི་བློ་ཡུལ་དུ་མི་ཤོང་བ་ཞིག་རེད་ཅེས་མཆན་བྲིས། མི་གཞན་ཞིག་གིས་ང་ཚོའི་ས་ཁུལ་དུ་ལཱ་སྒྲོན་སྦར་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཚོང་ཁང་ཚང་མ་ས་མ་རུབ་གོང་དུ་སྒོ་རྒྱག་གི་འདུག ང་ཚོ་བྱང་ཀོ་རི་ཡར་འཚོ་གནས་བྱེད་བཞིན་ཡོད་པ་འདྲ་པོ་ཞིག་རེད་ཅེས་འཁང་ར་བཤད་ནས་མཆན་བྲིས། ལེའོ་ཉིན་གྲོང་ཁྱེར་གྱི་བཟོ་གྲྭ་ཞིག་ལ་གློད་ཆད་ནས་ནག་རྫས་དུད་རླངས་ཕྱི་ལ་འཐེན་མ་ཐུབ་པར་བཟོ་པ་༢༣་གྱིས་དུག་རླངས་རྔུབ་ནས་སྨན་ཁང་དུ་ཁྱེར་ཏེ་མྱུར་སྐྱོབ་བྱེད་དགོས་བྱུང་ཞིང་། ཕྱི་ཟླ་༩་པའི་མགོ་སྟོད་ནས་རྒྱ་ནག་གི་རྡོ་སོལ་གྱི་རིན་གོང་འཕར་ནས་ཚོང་ལས་ཆུང་ཁག་དང་ཁྱིམ་ཚང་ཁག་ལ་རྡོ་སོལ་བཙོང་རྒྱུ་ཚོད་འཛིན་བྱེད་དགོས་བྱུང་འདུག

རྒྱ་ནག་གི་གློག་ཤུགས་དོ་དམ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་མགོ་སྟོད་ཟླ་བ་༦་གི་རིང་དུ་གློག་གི་དགོས་མཁོ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མ་བྱུང་སྔོན་གྱི་ཚད་ལས་བརྒལ་འདུག་ཅེས་བསྟན། ཨ་རིའི་གྷོལ་མན་ས་ཆེ་དངུལ་ཁང་གིས་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༨་དང་གྲངས་ཆུང་༢་འཕེལ་རྒྱས་འགྲོ་རྒྱུའི་སྔོན་དཔག་བྱས་ཀྱང་གློག་ཆད་པའི་སྟབས་ཀྱིས་དཔལ་འབྱོར་བརྒྱ་ཆ་༧་དང་གྲངས་ཆུང་༨་ལས་འཕེལ་རྒྱས་འགྲོ་ཐུབ་རྒྱུ་མ་རེད་ཅེས་དཔྱད་སྡོམ་བརྒྱབ། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཉི་ཧོང་གི་ནོ་མུ་ར་དངུལ་ཁང་གིས་ཀྱང་རྒྱ་ནག་གི་བཟོ་གྲྭ་ཁག་ལ་གློག་ཆད་ནས་ལས་མཚམས་འཇོག་དགོས་ཐུག་པའམ། ཡང་ན་གཞུང་གིས་བཙན་གྱིས་གློག་བཅད་ནས་ལས་མཚམས་འཇོག་ཏུ་བཅུག་སྟེ་ཐོན་སྐྱེད་བཟོ་འདོན་ལ་བར་ཆད་ཆེན་པོ་ཞིག་འབྱུང་གི་འདུག དེས་ན་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སྔོན་མའི་དམིགས་ཚད་དེར་སླེབས་ཐུབ་ས་མ་རེད། ད་ལོ་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༧་དང་གྲངས་ཆུང་༧་མ་གཏོགས་འཕེལ་རྒྱས་འགྲོ་ཐུབ་ས་མ་རེད་ཅེས་སྔོན་མའི་ཚོད་དཔག་གི་ཚད་གཞི་དམའ་རུ་བཏང་འདུག རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་ཁུན་ཧྲན་ས་ཁུལ་དུ་ཨ་རིའི་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་ལ་བཟོ་གྲྭ་གཉིས་ཡོད་པ་དེ་དག་ལ་གཟའ་ཉི་མའི་ཉིན་གུང་ནས་གཟའ་ཕུར་བུའི་བར་དུ་ལས་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་ཅིང་། ཨ་རིའི་ཊེ་སི་ལ་རླངས་འཁོར་བཟོ་ཚོང་ཁང་གིས་ཀྱང་རྒྱ་ནག་གི་ས་ཐོག་ཏུ་བཟོ་གྲྭ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་གཟའ་འཁོར་འདིར་གློག་བཅད་ནས་ལས་མཚམས་འཇོག་དགོས་པའི་བཀའ་བཏང་འདུག དེ་རིང་གཟའ་མིག་དམར་ཉིན་པེ་ཅིང་ལའང་གློག་ཆད་ནས་དཀའ་ངལ་འཕྲད་རྒྱུ་དང་སྐབས་འགར་དུས་ཡུན་ཆུ་ཚོད་༡༠་ལ་གློག་གཏོང་ཐུབ་ས་མ་རེད་ཅེས་བརྡ་སྦྱོར་བཀྲམ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་བྱང་ཤར་ཁུལ་གྱི་གནམ་གཤིས་ཇེ་གྲང་དུ་འགྲོ་བ་དང་མི་མང་ལ་གློག་དང་རྡོ་སོལ་མེད་པར་གྲང་སྡུག་ཚབས་ཆེན་ཞིག་མྱོང་གི་ཡོད་པར་མ་ཟད། རྒྱ་ནག་གི་ཨར་འདམ་བཟོ་གྲྭ་ཁག་དང་དྭངས་ལྕགས། ཁྱིམ་ཆས་བཟོ་གྲྭ་ཁག་ལ་གློག་ཆད་ནས་དཀའ་ངལ་ཆེ་ཤོས་འཕྲད། ལེའོ་ཉིན་ཞིང་ཆེན་ལ་གསར་དུ་གློག་ཆད་ཀྱི་ཡོད་པ་ཞིག་མིན་པར་ལོ་འདིའི་ཕྱི་ཟླ་༧་པ་ནས་གློག་འདང་ངེས་མེད་པ་དང་བདུན་ཕྲག་སྔོན་མ་ནས་ཁྱིམ་ཚང་ཁག་ལའང་གློག་གཅོད་རྒྱུ་མགོ་བརྩམས། ཧུ་ལུ་ཏའོ་གྲོང་ཁྱེར་གྱི་ཡུལ་མི་ཞིག་གིས་སྔ་དགོང་གློག་དགོས་མཁོ་ཆེ་བའི་དུས་སུ་གློག་བཏང་ནས་ཆུ་ཚ་པོ་བཟོ་བ་དང་གློག་རླབས་ཀྱི་ཐབ་བཀོལ་སྤྱོད་གཏོང་མི་ཆོག་པའི་བཀོད་ཁྱབ་བཏང་སོང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག ཧེ་ལུང་ཅང་ཞིང་ཆེན་རྒྱལ་ས་ཧར་པིན་གྲོང་ཁྱེར་གྱི་ཡུལ་མི་ཞིག་གིས་ཕྱི་དྲོའི་ཆུ་ཚོད་༤་པ་ནས་ཚོང་ཁང་ཕལ་ཆེ་བ་སྒོ་རྒྱག་གི་འདུག སྐབས་ཤིག་གི་རིང་ལ་ཧེ་ལུང་ཅང་ཞིང་ཆེན་གྱི་ས་གནས་ཁག་ཏུ་གློག་བགོ་འགྲེམ་བྱས་ནས་འཚོ་གནས་བྱེད་དགོས་ཐུག་གི་རེད། འདི་ནི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བཅོས་སྒྲིག་ཆེན་པོ་ཞིག་བྱ་རྒྱུ་དེར་དགོས་ངེས་ཤིག་ཡིན་པའི་འགྲེལ་བཤད་རྒྱག་གི་འདུག་ཅེས་གསར་འགོད་པར་ནང་མོལ་བྱས་འདུག ཉེ་ཆར་རྒྱ་ནག་གི་ཧེང་ཏ་ས་ཁང་ཉོ་ཚོང་ཁང་མ་རྩ་བརྡིབ་ནས་དཔལ་འབྱོར་ཉམས་ཉེས་ཀྱི་གནས་སུ་རྫོང་གྲབས་བྱས་ཤིང་། ད་ལྟ་རྒྱ་ནག་གི་བཟོ་ལས་ས་ཁུལ་ཁག་ལ་གློག་ཆད་ནས་ཐོན་སྐྱེད་བཟོ་འདོན་བྱེད་ཐུབ་ཀྱི་མེད་པས་འཛམ་གླིང་ཡོངས་སུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཡིན་མིན་ཐད་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར།།

རྒྱ་ནག་གཞུང་གིས་༢༠༢༡་ལོར་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གནོད་ཚབས་ཆེ་བའི་ནག་རྫས་དུད་རླངས་བརྒྱ་ཆ་༣་ཉུང་འཕྲི་བྱ་རྒྱུའི་དམིགས་ཚད་བཟུང་ནས་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་པའི་གློག་ཁང་རྣམས་སྒོ་བརྒྱབ། ༢༠༢༢་ལོའི་ཕྱི་ཟླ་༢་པར་པེ་ཅིང་དང་ཧྲི་ཅ་ཀྲྭང་ས་གནས་གཉིས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་ནམ་མཁའ་སྔོ་ཐིང་ངེ་དང་མཁའ་རླུང་གཙང་མ། དགུན་གྱི་དུས་སུ་པེ་ཅིང་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་དུད་སྨུག་འཐིབས་ཏེ་འགྲོ་ལམ་མིག་གིས་མི་མཐོང་བ་འབྱུང་གི་ཡོད་པ་མེད་པར་གཏོང་རྒྱུ། ལྷག་པར་དུ་རྒྱ་ནག་གི་ས་གནས་༣༠་ཐམ་པའི་ནང་གི་ས་གནས་༢༠་ཐམ་པས་ནག་རྫས་དུད་རླངས་ཉུང་འཕྲིའི་ཚད་གཞི་མ་ལོངས་པར་རྡོ་སོལ་གྱི་གློག་ཁང་སྒོ་བརྒྱབ་ནས་ཤུགས་སྣོན་རྒྱག་གི་ཡོད་པ་བཅས་ཀྱི་རྒྱ་ནག་ཤར་ཕྱོགས་དང་རྒྱ་ནག་ལྷོ་ཕྱོགས་ཀྱི་བཟོ་གྲྭ་ཁག་ལ་བདུན་ཕྲག་མང་པོར་གློག་བཅད་ནས་དུད་སྤྲིན་མེད་པར་གཏོང་དགོས་བྱུང་འདུག རྒྱ་ནག་གི་བཟོ་གྲྭ་༡༥་ལ་ཐོན་སྐྱེད་བཟོ་འདོན་གྱི་བར་ཆད་བྱུང་སོང་ཞེས་ཐོ་འགོད་བྱས་པ་དང་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་༣༠་ཐམ་པར་གློག་མེད་པར་ཐོན་སྐྱེད་བཟོ་འདོན་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཐུག་སོང་ཞེས་བསྒྲགས། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཕྱི་ཟླ་༡༢་པའི་ནང་དུ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་ཡིན་པས་སྐབས་དེར་ཚོང་ལས་ཆེན་པོ་ཡོད་ཀྱང་རྒྱ་ནག་གི་བཟོ་གྲྭ་ཁག་ནས་དངོས་ཟོག་བཟོ་འདོན་བྱེད་མ་ཐུབ་པར་ཚོང་ལས་ལ་གྱོང་གུད་ཆེན་པོ་འཕོག་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་གི་རང་བྱུང་སོལ་རླངས་བཟོ་ཚོང་ལས་ཁང་གིས་མི་དམངས་ལ་གློག་ཆད་ཀྱང་དགུན་གྱི་དུས་སུ་ཁང་པའི་ནང་དུ་ཚ་གློག་གཏོང་བར་རང་བྱུང་སོལ་རླངས་འདང་ངེས་ཡོད་ཟེར་གྱི་ཡོད། འོན་ཀྱང་རྒྱ་ནག་གི་གྲོང་གསེབ་ས་ཁུལ་གྱི་མི་མང་དུང་ཕྱུར་མང་པོར་རང་བྱུང་སོལ་རླངས་ཀྱི་ཚ་གློག་མེད་པ་དང་རྡོ་སོལ་གྱི་ལྕགས་ཐབ་འབའ་ཞིག་ལ་བརྟེན་དགོས་པས་གྲང་སྡུག་ཆེན་པོ་མྱོང་རྒྱུའི་ཉེན་ཁ་ཡོད་པ་རེད།།

XS
SM
MD
LG