ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གིས་ཧོང་ཀོང་ལ་སྟངས་འཛིན་ཆ་ཚང་བྱ་རྒྱུའི་བརྡ་ཞིག་བཏང་བ།


ཕྱི་ཟླ་༥་པའི་ཚེས་༢༡་ཉིན་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གིས་ལོ་འདིའི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་སྒོ་འབྱེད་ཉིན་ཧོང་ཀོང་གི་གནད་དོན་གླེང་སློང་བྱས་འདུག ཁོང་གིས་ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཡུན་གནས་ཐུབ་པའི་ཤུགས་སྣོན་རྒྱག་དགོས། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་འཛིན་སྟངས་དང་ལག་ལེན་བསྟར་ཕྱོགས་ལ་ལེགས་བཅོས་གཏོང་རྒྱུ་དེར་ང་ཚོས་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད། དེ་ནས་སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་ཝང་དབྱང་གི་གཏམ་བཤད་དེའི་ནང་དོན་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་རྒྱུ་དང་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རྒྱ་ནག་གཞུང་གིས་ཐད་ཀར་སྟངས་འཛིན་བྱ་རྒྱུ། འདས་པའི་ལོ་༢༣་གྱི་རིང་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་སྤྲད་པའི་དུས་སྐབས་དེ་ཉིད་མཇུག་བསྒྲིལ་རྒྱུའི་བརྡ་ཞིག་བཏང་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ༡༩༩༧་ལོར་རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་གི་བདག་དབང་རྩིས་བླངས་ནས་བཟུང་། དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་ཆབ་སྲིད་ཀྱི་རང་དབང་དང་རང་བཙན་གྱི་ཁྲིམ་འཛིན་ལམ་ལུགས་ཤིག་དར་ཡོད་པ་རྣམས་ཉམས་དམས་སུ་སོང་། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་མངའ་ཁུལ་དེའི་གསར་འགོད་རང་དབང་དང་འདུ་འཛོམས་རང་དབང་གཉིས་མེད་པར་གཏོང་རྒྱུ། ཧོང་ཀོང་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་དང་འདྲ་མཚུངས་སུ་བསྒྱུར་རྒྱུའི་ཉེན་ཁ་ཡོད་པ་རེད།།

སྔ་ལོ་དུས་ཡུན་ཟླ་བ་འགའ་ཞིག་ལ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་དེའི་རྒྱབ་སྐྱོར་པ་མི་གྲངས་ས་ཡ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཤིང་། རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ུལ་ནི་གྱེན་ལོག་འབྱུང་ས་ཞིག་ཡིན་པས་ཧོང་ཀོང་ལ་འཕྲལ་དུ་གནོན་སྡོམ་བྱས་ནས་ཐད་ཀར་དབུས་གཞུང་གི་སྟངས་འཛིན་འོག་ཏུ་བསྡུ་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་རྟགས་མཚན་གསལ་པོར་བསྟན། ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ཚུད་པའི་ས་གནས་དེའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སང་ཉིན་གཟའ་པ་སངས་ནས་འགོ་ཚུགས་ཀྱི་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུའང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ལེགས་བཅོས་གཏོང་དགོས་པའི་གྲོས་སྡུར་བྱ་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་དང་ཧོང་ཀོང་གི་གཞུང་འཛིན་ལྷན་ཁང་གཉིས་བརྒྱུད་མ་དགོས་པར་པེ་ཅིང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ལ་ལག་ལེན་བསྟར་དགོས་པའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱ་འཆར་ཡོད་ཅིང་། དེར་བརྟེན་གཟའ་ཕུར་བུའི་ཉིན་འཛམ་གླིང་གི་དངུལ་རྩའི་ཁྲོམ་རའི་ནང་དུ་ཧོང་ཀོང་གི་དངུལ་ལོར་གྱི་འཛའ་ཐང་མར་ཆག་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་ལས་འགུལ་ལ་གནོན་སྡོམ་ཞེས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་ཐབས་བྱེད་པའི་དམིགས་འབེན་གཙོ་བོ་ནི་ན་ནིང་ཧོང་ཀོང་ལ་དམངས་གཙོ་དོན་གཉེར་གྱི་ངོ་རྒོལ་ལས་འགུལ་ལངས་པར་དམིགས་ཡོད་པ་ཤེས་རྟོགས་ཐུབ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཁ་བྲལ་ལས་འགུལ་ལ་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཀྱི་འདུག་ཅེས་སྐྱོན་བཙུགས་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་རྒྱུད་སྐུལ་བྱས་པས་ངོ་རྒོལ་ལས་འགུལ་དེ་ལངས། ཡིན་ནའང་སྐབས་འགར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་ཅིག་དྲག་ཟིང་ལ་གྱུར་པ་དང་རྩོད་དོན་ཁག་ཀྱང་རྒྱ་རུ་སོང་། ངོ་རྒོལ་ལས་འགུལ་བ་ཁག་ཅིག་གིས་ཧོང་ཀོང་རང་བཙན་བྱ་དགོས་པ་ཟེར་པ་དང་མི་མང་ཁག་ཅིག་གིས་ཧོང་ཀོང་ལ་དམངས་གཙོའི་རང་དབང་ཆ་ཚང་དགོས་ཟེར་པ། ཡང་ངོ་རྒོལ་བ་མང་པོ་ཞིག་གིས་ཧོང་ཀོང་ལ་རང་དབང་ཐོབ་ཐང་རྣམས་རྒྱ་ནག་གཞུང་གིས་རིམ་བཞིན་ཧམ་འཕྲོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་དགོས་འདོན་བཏོན། ཐོག་མར་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་བཞག་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་༡༩༩༧་ནས་༢༠༤༧་བར་དུ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དང་མངའ་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་མིང་རྟགས་བཀོད།།

རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གི་གཏམ་བཤད་ནང་དུ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་འཛིན་སྟངས་དང་ལག་ལེན་བསྟར་ཕྱོགས་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས་པ་དེར་འགྲེལ་བཤད་ཞིབ་ཕྲ་ཞིག་བརྒྱབ་མེད། ཡིན་ནའང་ཝང་དབྱང་གིས་ཨོ་མེན་དམིགས་བསལ་ས་ཁུལ་གྱི་རྒྱན་འཛུགས་ཁང་དེ་དག་ཀྱང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་འབྱུང་ཡུལ་ཞིག་ཏུ་གྱུར་གྱི་འདུག་ཅེས་ཐེར་འདོན་བྱས་ཤིང་། འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་དུས་རྒྱུན་བཤད་སྲོལ་མེད་པའི་གཏམ་བཤད་ཅིག་ཡིན་པ་གསལ་པོར་གྱུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ཧོང་ཀོང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་རྗེས་སུའང་འཛམ་གླིང་གི་དངུལ་རྩའི་ཚོང་ལས་ཀྱི་ལྟེ་གནས་ཤིག་ཏུ་གྱུར་ནས་ཡར་རྒྱས་སོང་། ཧོང་ཀོང་ལ་གནས་བབ་མ་འདྲ་བ་ཞིག་ཡོད་པའི་རྐྱེན་གྱིས་ཨ་མི་རི་ཀ་དང་འཛམ་གླིང་རྒྱལ་ཁབ་གཞན་ཁག་གིས་ཧོང་ཀོང་ལ་འབྲེལ་བ་མ་འདྲ་ཞིག་བཙུགས། ཧོང་ཀོང་གཞུང་ལ་ཕྱི་འབྲེལ་དང་རྒྱལ་སྲུང་མ་གཏོགས་རྒྱལ་ཁབ་གཞན་ལ་ཚོང་ལས་དང་དཔལ་འབྱོར། རིག་གཞུང་སོགས་ཀྱི་འབྲེལ་བ་འཛུགས་ཆོག་པའི་ཐོབ་ཐང་སྤྲད། ཞིས་ཅིན་ཕིང་གི་སྲིད་དབང་བཟུང་བའི་གཞུག་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རིམ་གྱིས་ཧོང་ཀོང་གི་དམངས་གཙོ་དང་རང་དབང་གི་ཐོབ་ཐང་རྣམས་མེད་པར་གཏོང་རྒྱུ་འགོ་ཚུགས།།

ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཌན་ཎི་སི་ཀོ་ཡིས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གིས་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱ་འཆར་ཡོད་པ་དེར་ང་ཧ་ལས་སོང་། འདི་ནི་ང་ལ་མཚོན་ན་རྦད་དེ་ཧང་སང་དགོས་པའི་གནད་དོན་ཞིག་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མཇུག་བསྒྲིལ་རྒྱུའི་སྔ་ལྟས་ཤིག་རེད་བསམ་གྱི་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་ཌི་ཎི་སི་ཀོ་ལ་དམིགས་སུ་བཀར་ནས་སྐྱོན་བརྗོད་བྱས་པ་དང་ཁོ་པ་ཧོང་ཀོང་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གི་ཚོགས་གཙོའི་གོ་གནས་ནས་འཕོ་འགྱུར་བཏང་འདུག ཌན་ཎི་སི་ཀོས་པེ་ཅིང་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ལ་ལན་ཁག་དཀྲིས་ནས་མངའ་ཁུལ་འདིར་དྲག་གནོན་བྱེད་ཀྱི་ཡོད་པ་འགེབས་ཐབས་བྱེད་བཞིན་འདུག འཛམ་གླིང་གིས་དོ་སྣང་བྱེད་ཀྱི་མེད་པའི་སྐབས་འདིར་ཧོང་ཀོང་དམར་གསོད་བྱེད་ཀྱི་ཡོད་པ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དམར་གསོད་བྱེད་ཀྱི་འདུག སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་ལག་ལེན་བསྟར་ནས་མི་མང་ལ་ངོ་རྒོལ་བྱེད་འཇུག་གི་མེད། འདི་ནི་ཧོང་ཀོང་རྩིས་སྤྲོད་བྱུང་ནས་བཟུང་སྟེ་མངའ་ཁུལ་འདིར་བྱུང་བའི་ཆེས་ཐབས་རྡུགས་ཀྱི་གནས་ཚུལ་ཞིག་རེད་ཅེས་བཤད་དོ།།

XS
SM
MD
LG