ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་གི་གྲོས་མོལ་གྱིས་དམག་དཔུང་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད་པ།


༄༅།། ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་རྒྱ་དཀར་ནག་གི་མཐོ་རིམ་དམག་དཔུང་བཀོད་འདོམས་པ་རིམ་པའི་ཐུག་འཕྲད་གྲོས་མོལ་ཐེངས་བདུན་པ་དེ་བྱེད་ཀྱི་ཡོད་ཀྱང་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་བྱེད་ཀྱི་མེད་པ་སྟེ། རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ཡུལ་ཀུན་ནས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་། རྒྱ་ནག་གིས་སྤང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རི་རྩེ་རྣམས་རྒྱ་གར་གྱི་དམག་གིས་བཟུང་ཡོད་པ་དེ་ནས་ཕྱིར་འཐེན་བྱ་དགོས། སྔོན་ལ་རྒྱ་གར་གྱི་དམག་རྣམས་སྤང་ཀོང་མཚོའི་ལྷོ་ཕྱོགས་ཀྱི་རི་རྩེ་ཁག་དང་རེ་བཟང་ལ། རེ་ཆེན་ལ་སོགས་ནས་ཕྱིར་འཐེན་མ་བྱས་པར་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་གདོང་ཐུག་འབྱུང་ས་ཁག་ནས་ཕྱིར་འཐེན་བྱ་རྒྱུ་དེར་གྲོས་མོལ་འགོ་འཛུགས་ཐུབ་ཐབས་མེད་ཅེས་ལངས་ཕྱོགས་བཟུང་། ད་ལྟའི་བར་དུ་རྒྱ་ནག་དཀར་ནག་གི་ཕྱི་སྲིད་བློན་ཆེན་རྣམ་པ་དང་རྒྱལ་ཡོངས་བློན་ཆེན་རྣམ་པ། ཕྱོགས་གཉིས་ཀྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དང་རྒྱ་དཀར་ནག་གི་དམག་དོན་མི་སྣ་སོགས་ཀྱིས་གྲོས་མོལ་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་དང་དམག་འཁྲུག་གི་གྲ་སྒྲིག་བྱ་རྒྱུ་མཚམས་འཇོག་བྱེད་ཐུབ་ཀྱི་མེད་པ་དང་། རྒྱ་དཀར་ནག་གཉིས་ཀས་དགུན་གྱི་དུས་སུ་ས་མཚམས་ཀྱི་དམག་ལ་མཁོ་བའི་མཚོན་ཆ་དང་མདེའུ། བཟའ་བཏུང་དང་དགུན་ལྭ། ལྕགས་ཐབ་དང་འབུད་སྣུམ་སོགས་སྐྱེལ་འདྲེན་བྱས་ནས་ས་མཚམས་སུ་བཀྲམ་ཡོད་པའི་དམག་རྣམས་ཡུན་རིང་འཇོག་རྒྱུའི་གྲ་སྒྲིག་བྱས་འདུག

ཨུ་རུ་སུའི་ནང་རྒྱ་དཀར་ནག་གཉིས་ཀྱི་ཚོགས་འདུ། ༢༠༢༠།༩།༤
ཨུ་རུ་སུའི་ནང་རྒྱ་དཀར་ནག་གཉིས་ཀྱི་ཚོགས་འདུ། ༢༠༢༠།༩།༤

རྒྱ་གར་གྱི་དམག་དོན་མི་སྣ་ཁག་གིས་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་སོགས་ཀྱི་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་བོད་དང་ལ་དྭགས་ཀྱི་ས་མཚམས་ཁག་ཏུ་དམག་གི་ཁང་པ་བརྒྱབ་སྟེ་ཁང་པ་རེ་རེའི་ནང་དུ་མི་༤་ནས་༦་འདུག དམག་གི་ཁང་པ་དེ་དག་གི་འཁྲིས་སུ་སྨན་ཁང་གསར་པ་འཛུགས་སྐྲུན། ད་དུང་རྒྱ་ནག་གཞུང་གིས་བོད་ཀྱི་སྟོད་མངའ་རིས་ཕྱོགས་སུ་གཏན་འཇགས་ཀྱི་དམག་སྒར་ཆེན་པོ་ཁག་ཅིག་འཛུགས་སྐྲུན་བྱས་ནས་མེ་སྒྱོགས་རུ་ཁག་རྩ་འཛུགས། མངའ་རིས་ས་ཁུལ་གྱི་གནམ་ཐང་རྒྱ་སྐྱེད། རྒྱ་གར་གྱི་མཐའ་མཚམས་ཁག་ཏུ་མགྱོགས་མྱུར་གྱིས་དམག་དཔུང་འདྲེན་གཏོང་ཐུབ་པའི་དམག་གསོག་བརྒྱབ་འདུག རྒྱ་ནག་གིས་སྟོད་མངའ་རིས་ཕྱོགས་སུ་དམག་སྒར་གསར་པ་འཛུགས་སྐྲུན་བྱས་ཡོད་པ་རྣམས་༡༩༦༢་ལོར་རྒྱ་དཀར་ནག་གཉིས་དམག་འཁྲུག་ལངས་སའི་ས་མཚམས་ཁག་རེད། རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་མངའ་རིས་ས་ཁུལ་དུ་དམག་སྒར་འཛུགས་སྐྲུན་བྱས་ནས་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཡོད་ཅེས་ཁྱབ་བསྒྲགས་བྱས་ཀྱང་དམག་སྒར་དེ་རྣམས་འཛུགས་སྐྲུན་བྱེད་པར་དུས་ཡུན་ཅི་ཙམ་འགོར་ཡོད་མེད་དང་དམག་དཔུང་ཅི་ཙམ་ཤོང་གི་ཡོད་མེད་རྣམས་གསལ་བཀྲོལ་བྱས་མ་སོང་། འོན་ཀྱང་དམག་སྒར་དེར་འཛུགས་སྐྲུན་གྱི་རྒྱུ་ཆ་གསར་པ་བཏང་ཡོད་པ་དང་དམག་དཔུང་བཀོད་འདོམས་པ་དང་དམག་དཔུང་གི་སྡོད་གནས་རྣམས་རྒྱ་བསྐྱེད་ནས་རྡོ་སྐེ་གསར་པ། ཚོགས་ཁང་དང་དམག་སྦྱོང་ཁང་། མཛོད་ཁང་དང་རླངས་འཁོར་འཇོག་ཁང་རྣམས་འཛུགས་སྐྲུན་བྱེད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དེ་ལ་བལྟས་ཚེ། རྒྱ་ནག་གིས་སྟོད་མངའ་རིས་ས་ཁུལ་དུ་དེང་རབས་ཅན་གྱི་དམག་སྒར་ཞིག་འཛུགས་སྐྲུན་ཡོད་པའི་ཚོད་དཔག་བྱེད་ཐུབ་ཅེས་བཤད།།

བདུན་ཕྲག་སྔོན་མར་རྒྱ་གར་གྱི་སྲིད་བློན་མོ་དྷིས་ལ་དྭགས་དང་ཧི་མ་ལ་ཡའི་རི་འདབས་ཀྱི་མཐའ་མཚམས་ཁག་ལ་ཤིན་ཏུ་གནད་འགག་ཆེ་བའི་ཧི་མ་ཅལ་མངའ་སྡེའི་རོ་ཐང་ལའི་ཕུག་ལམ་སྒོ་ཕྱེ། རོ་ཐང་ལའི་ཕུག་ལམ་སྒོ་འབྱེད་ཐུབ་པ་དེས་རྒྱ་ནག་གིས་བོད་ཀྱི་ས་ཐོག་གམ། ཡང་ན་ཞིན་ཅང་ནས་རྒྱ་གར་གྱི་ས་མཚམས་ཁག་ལ་དམག་དཔུང་འདྲེན་གཏོང་བྱས་ཀྱང་རྒྱ་གར་གྱིས་འཕྲལ་དུ་ལ་དྭགས་ཀྱི་ས་མཚམས་ཁག་ལ་དམག་དཔུང་འདྲེན་གཏོང་ཐུབ་པའི་མཐུན་རྐྱེན་གྲུབ། རྒྱ་གར་གྱིས་ཨ་སྒོར་དུང་ཕྱུར་༤་འགྲོ་གྲོན་བཏང་ནས་སྤྱི་ལེ་༥༠་ཐམ་པའི་རིང་ཚད་ཀྱི་ཕུག་ལམ་དེ་སྒོ་ཕྱེ་པའི་རྗེས་སུ་མ་ན་ལི་ནས་ལ་དྭགས་ཕྱོགས་སུ་ལམ་ཐག་དུས་ཡུན་ཆུ་ཚོད་བཞི་ཐུང་དུ་སོང་། འདས་པའི་ལོ་དྲུག་གི་རིང་ལ་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་ནག་གི་འཛུགས་སྐྲུན་ལ་ཁ་གཏད་གཅོག་པར་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་ཟམ་པ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་ནག་གིས་བོད་ཀྱི་ས་ཐོག་ཏུ་དམག་དོན་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱས་ཡོད་པ་དེའི་རྗེས་ཟིན་ཐབས་བྱས་འདུག གཟའ་འཁོར་སྔོན་མར་རོ་ཐང་ལའི་ཕུམ་ལམ་སྒོ་འབྱེད་དུས་སུ་སྲིད་བློན་མོ་དྷིས་ང་ཚོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཟམ་པ་དང་རྒྱ་ལམ། ཕུག་ལམ་སོགས་འཛུགས་སྐྲུན་བྱས་པ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེད། ཕུག་ལམ་འདི་ས་གནས་མི་དམངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པར་མ་ཟད། རྒྱ་གར་གྱི་དམག་དཔུང་འདྲེན་གཏོང་ལའང་དགེ་མཚན་ཆེན་པོ་ཡོད་ཅེས་བཤད། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྤྱི་ཁྱབ་སན་ཇཱེ་ཀུན་འདུས་ཀྱིས་བོད་དང་ས་འདྲེས་ཁེལ་ཡུལ་མངའ་སྡེ་དེའི་མཐའ་མཚམས་ཁག་གི་ཡུལ་མི་ཚོར་དམག་སྦྱོང་སྤྲོད་དགོས། ཧི་མ་ཅལ་མངའ་སྡེའི་ས་མཚམས་ཁག་ལ་རྒྱ་ལམ་དང་ཕུག་ལམ། ཟམ་པ་སོགས་འཛུགས་སྐྲུན་བྱས་པ་དེས་འགྲིམ་འགྲུལ་སྟབས་བདེ་དང་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་། རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་བཅས་ལ་དགེ་མཚན་ཆེན་པོ་བྱུང་ཡོད་ཅེས་བཤད།།

ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པས་ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོར་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གི་དམག་དཔུང་ཁག་ཅིག་ལག་འཛིང་ཐུག་པའི་རྗེས་སུ་ང་ཚོས་རྒྱ་ནག་ལ་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་པ་ཡིན། ང་ཚོས་མ་འོངས་པའི་ཟླ་བ་གསུམ་གྱི་རིང་དུ་རྒྱ་དཀར་ནག་གི་གྲོས་མོལ་དེར་གྲུབ་འབྲས་ཅི་ཙམ་འཐོན་རྒྱུ་ཡིན་མིན་ལ་བལྟ་རྒྱུ་ཡིན། རྒྱ་དཀར་ནག་གི་དམག་འཁྲུག་གང་འདྲ་ཞིག་ལངས་ཀྱང་རྒྱ་གར་གྱི་གནམ་དམག་ལ་ཕར་རྒོལ་བྱེད་ཐུབ་པའི་ནུས་པ་ཡོད། རྒྱ་གར་གྱིས་མཐའ་མཚམས་ཁག་ལ་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་སོགས་འགྲེམ་འཇོག་བྱེད་ཡོད་པ་ནི་རྒྱ་གར་གྱི་དམག་གིས་སེམས་ཐག་གཙང་བཅད་ཡིན་པའི་དན་རྟགས་ཡིན། ང་ཚོས་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀས་མཉམ་འབྲེལ་དམ་ཟབ། པ་ཀི་སི་ཐན་ནི་དཔལ་འབྱོར་དང་དམག་དོན་སོགས་ཕྱོགས་གང་ཐད་དུ་སྔར་ལས་ལྷག་པའི་རྒྱ་ནག་ལ་རེ་དགོས་ཐུག་གི་ཡོད་པ་རྣམས་ཤེས་རྟོགས་བྱུང་ཡོད། ཁོ་ཚོས་མཉམ་འབྲེལ་དམག་སྦྱོང་ལན་མང་བྱེད་ཀྱི་འདུག རྒྱ་ནག་དང་པ་ཀི་སི་ཐན་གྱི་མཉམ་འབྲེལ་དམག་སྦྱོང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་རྒྱ་གར་ལ་དུས་མཉམ་དུ་རྒྱ་ནག་དང་པ་ཀི་སི་ཐན་གཉིས་ཀར་ཁ་གཏད་གཅོག་ཐུབ་པའི་གྲ་སྒྲིག་དང་ནུས་པ་ཡོད་ཅེས་བཤད། རྒྱ་གར་གྱི་གནམ་དམག་རྩ་འཛུགས་དུས་ཆེན་སྔོན་དེར་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པས་ང་ཚོས་གྲོས་མོལ་ལ་གྲུབ་འབྲས་ཤིག་འཐོན་རྒྱུ་དང་ཕྱོགས་གཉིས་ཀྱིས་དངོས་སུ་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་ལ་བརྩི་འཇོག་བྱེད་པའི་རེ་བ་འཆང་ཡོད། རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཁག་ཏུ་གནམ་དམག་གི་སྦྱོང་བརྡར་དང་སྐོར་གཡེང་བྱ་རྒྱུ་ཉུང་དུ་བཏང་རུང་ས་ཐོག་ཏུ་དམག་དཔུང་འགྲེམ་འཇོག་བྱས་ནས་གྲ་སྒྲིག་ཆ་ཚང་བྱས་འདུག ཁྲེང་ཏུའུ་དང་ལྷ་སའི་བར་གྱི་རྒྱ་ལམ་ཐོག་ཏུ་སྐྱེལ་འདྲེན་དང་དམག་དཔུང་འདྲེན་གཏོང་གི་འཚང་ཁ་ཡང་ཇེ་ཆེར་སོང་འདུག་ཅེས་བསྟན།།

ད་ལྟ་ཉམས་ཞིབ་པ་ཐམས་ཅད་ཀྱིས་ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་རྒྱ་གར་དང་རྒྱ་ནག བྷར་ཛིལ་དང་ལྷོ་ཨ་ཧྥི་རི་ཀ ཨུ་རུ་སུ་བཅས་ཀྱི་མཉམ་འབྲེལ་མཐུན་ཚོགས་དེའི་ཆེས་མཐོའི་ཁྲིད་རྣམས་དྲྭ་ལམ་དུ་ཐུག་འཕྲད་གྲོས་མོལ་ཐེངས་༡༢་པ་བྱ་འཆར་ཡོད་པར་སྒུག་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་དྲྭ་ལམ་དུ་ཐུག་རྒྱུ་ཡིན་པས་རྒྱ་དཀར་ནག་གི་ཆེས་མཐོའི་འགོ་ཁྲིད་ཟུང་གིས་ཕྱོགས་གཉིས་ཀྱི་དམག་དཔུང་རྣམས་ས་མཚམས་ནས་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་ཞིག་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག བྷར་ཨུ་རྒྱ་ཟུང་ལྷོའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་མཐུན་ཚོགས་དེའི་མཉམ་འབྲེལ་ཡར་རྒྱས་དང་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱ་རྒྱུ་བཅས་ལ་གྲོས་སྡུར་བྱ་རྒྱུ་ཡིན་ཞིང་། ལོ་འདིའི་ཕྱི་ཟླ་༥་པར་ཨུ་རུ་སུའི་གཞུང་གིས་བྷར་ཨུ་རྒྱ་ཟུང་ལྷོའི་ཚོགས་ཆེན་དེ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་བསྐོང་རྩིས་བྱས་ཀྱང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱིས་ཚོགས་འདུ་ཕྱིར་འགྱངས་བྱ་དགོས་བྱུང་འདུག ད་སྔ་ཨུ་རུ་སུའི་གཞུང་གིས་རྒྱ་དཀར་ནག་གི་ཕྱི་སྲིད་བློན་ཆེན་གཉིས་དང་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་བྱེད་ཐུབ་པའི་ཁོར་ཡུག་བསྐྲུན། འོན་ཀྱང་ཉམས་ཞིབ་པ་ཚོས་རྒྱ་དཀར་ནག་གི་འགོ་ཁྲིད་གཉིས་མི་དང་མི་ཐུག་འཕྲད་བྱེད་མ་ཐུབ་པར་དྲྭ་ལམ་དུ་ཐུག་ན་དེ་ལ་ནུས་པ་མེད། དེས་ན་ཟླ་བ་རྗེས་མར་ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་དྲྭ་ལམ་དུ་ཐུག་འཆར་ཡོད་པ་དེར་གྲུབ་འབྲས་ཤིག་འཐོན་རྒྱུའི་རེ་ལྟོས་མ་འཆང་ན་ལེགས་ཞེས་བཤད་འདུག

XS
SM
MD
LG