ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་འཆར་མེད་པ།


༄༅།། རྒྱ་ནག་གི་འགོ་ཁྲིད་ཚོས་ཐེངས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་གྱི་ཚོགས་འདུའི་ཐོག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་སྒྱུར་བཅོས་ཆེན་པོ་ཞིག་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ནུབ་ཕྱོགས་ཀྱི་རང་དབང་དང་དམངས་གཙོའི་ལམ་ལུགས་ལྟ་བུ་ཞིག་ལ་བསྒྱུར་རྒྱུའི་རྣམ་འགྱུར་གང་ཡང་བསྟན་མེད་ཅིང་། དཔེར་ན་དེ་རིང་ཕྱི་ཟླ་༡༡་ཚེས་༨་ཉིན་རྒྱ་ནག་གི་གཞུང་གཉེར་གོ་ལའི་དུས་བབ་ཚགས་པར་གྱིས་པེ་ཅིང་དང་ཧྲང་ཧེ། ཀཱོང་ཀྲུག་དང་ཁྲེང་ཏུའུ། ཞཱི་ཨན་དང་ཁྲང་ཧྲ། ཧྲེང་དབྱང་བཅས་རྒྱ་ནག་གི་གྲོང་ཁྱེར་བདུན་གྱི་མི་མང་རང་ལོ་༡༨་ཡན་ཆད་ལ་སོན་པ་༡༢༥༢་ལ་ཁ་པར་བརྒྱུད་ནས་བསམ་ཚུལ་དྲིས་པ་ལྟར་ན། གོ་ལའི་དུས་བབ་ཚགས་པར་གྱིས་སྐད་ཆ་འདྲི་སའི་མི་མང་བརྒྱ་ཆ་༣༣་ལ་མ་གཏོགས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་གཏོང་འདོད་མེད་པ་དང་། མི་མང་སྐད་ཆ་འདྲི་ས་བརྒྱ་ཆ་༨༠་ལྷག་གིས་སྤྱི་ཚོགས་ཀྱི་བདེ་དོན་ལེགས་བཅོས་གཏོང་རྒྱུ་ཨང་དང་པོར་འཛིན་དགོས་ཞེས་ལན་འདེབས་བྱས་འདུག་པ་མ་ཟད། མི་མང་སྐད་ཆ་འདྲི་ས་བརྒྱ་ཆ་༦༣་གྱིས་ཐེངས་བཅོ་བརྒྱད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་གསུམ་པའི་ཚང་འཛོམས་གྲོས་མོལ་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། མི་མང་སྐད་ཆ་འདྲི་ས་བརྒྱ་ཆ་༣༦་གིས་ཏང་གི་ཚོགས་འདུ་གལ་ཆེན་དེར་དོ་སྣང་གཏན་ནས་བྱེད་འདོད་མེད་ཅེས་ལན་འདེབས་བྱས་པའི་གནས་ཚུལ་སྤེལ་འདུག ཡང་མི་དམངས་ཉིན་རེའི་ཚགས་པར་ལ་རྒྱ་ནག་མི་དམངས་རྣམས་གུང་ཁྲན་ཏང་གི་ལམ་སྟོན་དབུ་ཁྲིད་ཉག་ཅིག་གི་འོག་ཏུ་རྒྱས་ཡར་ཕུན་སུམ་ཚོགས་པ་ཞིག་ལ་འགྱུར་ཐུབ། སྲིད་འཛིན་ཞིས་ཅིན་ཕིང་གིས་ཉེན་བརྡ་བཏང་བ་ལྟར་༡༩༦༦་ནས་༧༦་བར་དུ་ལངས་པའི་རྒྱ་ནག་གི་རིག་གནས་གསར་བརྗེའི་ཉེས་སྐྱོན་ལ་བསྐྱར་ཞིབ་བྱས་ན་དག་མཚན་མེད། རིག་གསར་བརྗེའི་ཉེས་སྐྱོན་ཁོ་ནར་བལྟས་ན་ལོ་རབས་༧༠་བའི་མཇུག་ཏུ་རྒྱ་ནག་ལ་དཔལ་འབྱོར་སྒྱུར་བཅོས་བཏང་ནས་གྲུབ་འབྲས་ཆེན་པོ་ཐོན་པ་རྣམས་ནག་བསུབ་འགྲོ་རྒྱུའི་ཉེན་ཀ་ཡོད་པས། དེས་ན་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་བའང་ཁྲིམས་མཐུན་ཞིག་ལ་མི་འགྱུར་བ་དང་། ཐ་ན་གུང་ཁྲན་ཏང་རྩ་མེད་གཏོང་བའི་ས་བོན་འདེབས་སྲིད། ང་ཚོའི་གནའ་མིའི་གཏམ་དཔེ་ལ་གཞན་གྱི་རྒྱལ་ཁབ་ཅིག་རྩ་མེད་གཏོང་དགོས་ན་སྔོན་ལ་རྒྱལ་ཁབ་དེའི་ལོ་རྒྱུས་ནག་བསུབ་བྱ་དགོས་ཞེས་ཟེར་སྲོལ་ཡོད་པ་དང་། ང་ཚོས་དགྲ་ཕྱོགས་ཀྱི་ལྟ་སྟངས་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཞིབ་འཇུག་བྱེད་ཚེ། རྒྱ་ནག་གི་རིག་གནས་གསར་རྗེའི་ཉེས་སྐྱོན་འབའ་ཞིག་ཐེར་འདོན་བྱས་ན་གུང་ཁྲན་ཏང་གིས་སྒྱུར་བཅོས་བཏང་བའི་གྲུབ་འབྲས་ཆ་ཚང་ནག་བསུབ་བྱེད་ཐུབ་པ་དང་། རྒྱ་ནག་དམར་ཤོག་ཚོགས་པར་གྲུབ་འབྲས་མེད་པར་བཏང་ན་སྲིད་དབང་འཛིན་ཆོག་པའི་ཐོབ་ཐང་ཡང་མེད་པར་གཏོང་ཐུབ། དེར་བརྟེན་རྒྱ་ནག་དམར་ཤོག་ཚོགས་པས་དེ་ལ་ནམ་ཡང་ངོས་ལེན་བྱེད་ཐུབ་ཐབས་མེད་པ་དང་། ང་ཚོ་སྔར་བཞིན་རྒྱ་ནག་གི་ཁྱད་ཆོས་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ཤར་སྐྱོད་བྱེད་དགོས། ང་ཚོས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ངན་པ་དེར་གཏན་ནས་མིག་དཔེ་བལྟ་མི་རུང་ཞེས་ནན་བརྗོད་བྱས་ཡོད་པ་རེད།།
XS
SM
MD
LG