ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པར་སྐྱོན་འཛུགས།


རྒྱ་ནག་གི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་རླངས་འཁོར་ཞིག་གིས་རྡུང་ག་བརྒྱབ་ནས་ཉི་མ་༥་སོང་ཞིང་། ད་བར་རྒྱ་ནག་གཞུང་གིས་མོ་ཊས་རྡུང་ག་རྒྱག་མཁན་དེ་ཞིན་ཅང་གི་ཡུ་གུར་པའི་ཁྱིམ་ཚང་གཅིག་གི་མི་རེད་ཅེས་ཁྱབ་བསྒྲགས་བྱས་པ་ལས། མི་དེ་དག་གི་འདྲ་པར་དང་ལོ་ཚད། ཁོ་ཚོའི་མིང་ཆ་ཚང་དང་ལོ་རྒྱུས་ཞིབ་ཕྲ་གང་ཡང་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དང་། དེ་རིང་ཕྱི་ཟླ་༡༡་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྲིད་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་མེང་ཅན་ཀྲུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཟི་བྷེ་ཀི་སི་ཐན་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་རྒྱལ་ས་ཏ་ཤི་ཁན་དུ་ཧོང་ཀོང་གི་ཧྥེང་ཧཱོང་བརྙན་འཕྲིན་ལས་ཁང་ལ་བཤད་པ་ལྟར་ན། ཁ་སྔོན་གཟའ་ཟླ་བའི་ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ལ་རླངས་འཁོར་གྱིས་རྡུང་ག་རྒྱག་མཁན་དེ་ཚོར་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པས་རྒྱབ་སྐྱོར་བྱས་ཡོད་པ་དང་། ཤར་ཏུ་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ལྷོ་ཨེ་ཤི་ཡ་དང་དབུས་ཨེ་ཤི་ཡ། ཨེ་ཤི་ཡའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་སིམ་འཛུལ་བྱས་ནས་རྩ་བ་ཚུགས་ཡོད། ཁོ་ཚོ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཡིན་པ་དང་། ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པས་དྲག་སྤྱོད་སྤེལ་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་ཏེ། ཁོ་ཚོས་ཞིན་ཅང་རང་བཙན་གྱི་འཐབ་རྩོད་བྱེད་བཞིན་ཡོད་ཅེས་བཤད་ཀྱང་། མེན་ཅན་ཀྲུ་ཡིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་བྱུང་བའི་རླངས་འཁོར་གྱི་རྡུང་ག་དེར་རྒྱབ་སྐྱོར་ཇི་ལྟར་བྱས་ཡོད་མེད་དང་། རྒྱ་ནག་གཞུང་ལ་རླངས་འཁོར་གྱིས་རྡུང་ག་རྒྱག་མཁན་ཚོ་དང་ཤར་ཏུར་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་གཉིས་འབྲེལ་བ་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་ཅི་ཞིག་ཡོད་མེད་གསལ་བོ་བཤད་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG