ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་བོད་ནང་ཁ་པར་བྱང་བུའི་ཐོག་ནས་ཕྱི་ལོཊ་སུ་འབྲེལ་བ་བྱེད་ཀྱི་ཡོད་མེད་ལྟ་ཉན།


བོད་ནང་གསར་ཏུ་བཟོས་པའི་ཁ་པར་བྱང་བུ་སྟེང་ནས། ཕྱིའི་རྒྱལ་ཁབ་ཀྱི་མི་ལ་འབྲེལ་བ་བྱེད་ཀྱིན་ཡོད་མེད་ལ་ཚོད་འཛིན་དང་དམིགས་གསལ་སྐད་འཕྲིན་དྲ་ལམ་ནས་ཁ་བརྡ་བྱས་པ་ལའང་། སྐར་གྲངས་ལྟར་དངུལ་གྱིས་ཚོད་འཛིན་བྱས་ཡོད་པར་མ་ཟད། གསར་བཟོས་བྱང་བུའི་སྟེང་ནས་ཐད་ཀར་བོད་ཕྱི་ལོགས་ཀྱི་སྐད་འཕྲིན་ཕན་ཚུན་ནང་འཇུག་བྱེད་མི་ཐུབ་པ་བཟོས་འདུག། གལ་སྲིད་སྐད་འཕྲིན་དྲ་ལམ་བརྒྱུད་ནས་བོད་ཕྱི་ལོགས་སུ་འབྲེལ་བ་བྱེད་དགོས་ན། ངེས་པར་དུ་བྱང་བུ་བཟོ་སར་ཐོ་འགོད་ཁེག་ཐག་ཡི་གེར་ས་ཡིག་རྒྱག་དགོས་ཀྱིན་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་གྱི་སྙན་སྒྲོན་གནང་གི་རེད།

དེང་སྐབས་བོད་ནང་གསར་དུ་བཟོས་པའི་ཁ་པར་བྱང་བུའི་སྟེང་ནས། ཕྱིའི་རྒྱལ་ཁབ་ཀྱི་མི་ལ་འབྲེལ་བ་བྱེད་ཀྱིན་ཡོད་མེད་ལ་རྒྱ་གཞུང་གིས་ཚོད་འཛིན་བྱེད་ཀྱི་ཡོད་པ་དང་། དམིགས་གསལ་སྐད་འཕྲིན་དྲ་ལམ་ནས་ཁ་བརྡ་བྱས་པ་ལའང་། སྐར་གྲངས་ལྟར་དངུལ་གྱི་ཚོད་འཛིན་བྱས་ཡོད་པའི་སྐོར་ལ། བོད་ནང་གི་སི་ཁྲོན་ཞིང་ཆེན་ན་ཡོད་མཁན་མིང་དངོས་སུ་བརྗོད་འདོད་མེད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། སི་ཁྲོན་ཞིང་ཆེན་མངའ་ཁོངས་ཀྱི་ས་གནས་སུ། ད་ལྟ་གསར་དུ་བཟོས་པའི་ཁ་པར་གྱི་བྱང་བུའི་སྟེང་སྐད་འཕྲིན་ཕབ་ལེན་བྱས་ཏེ། སྐད་འཕྲིན་གསར་བཟོ་བྱས་པ་ཡིན་ན། རྒྱ་ནག་ནང་ཁུལ་གྱི་སྐད་འཕྲིན་གསར་རྙིང་གང་ཡིན་ཡང་ཕན་ཚུན་འབྲེལ་བ་བྱེད་ཐུབ་མོད། འོན་ཀྱང་། རྒྱལ་ཁབ་གཞན་གྱི་སྐད་འཕྲིན་ཕན་ཚུན་ནང་འཇུག་བྱེད་ཐུབ་ཀྱིན་མི་འདུག། གལ་སྲིད་ནང་འཇུག་བྱེད་པའི་སྐབས་སུ་རང་འགུལ་ངང་སྐད་འཕྲིན་ལས་ཁུངས་ནས་ཡི་གེ་འབྱོར་དེ། ཕྱིའི་རྒྱལ་ཁབ་ཀྱི་སྐད་འཕྲིན་དང་འཐུད་དགོས་ན་ཆོག་མཆན་ཞིག་ཐོབ་དགོས་ལུགས་བཤད་ཀྱིན་འདུག། སྤྱིར་ན། རྒྱ་ནག་ཏུ་དེང་སྐབས་ཁ་པར་གྱི་བྱང་བུ་ལ། རྒྱ་སྐད་དུ་ཡཱི་ཏོན་དང་།移动 ལཱན་ཐོངས།联通 དན་ཤིན་电信 བཅས་སྣ་ཁ་གསུམ་ཙམ་ཡོད་པ་དང་། བོད་སྐད་དུ་འབྲེལ་འཕྲིན་དང་གློག་འཕྲིན། ཁྱེར་འཕྲིན་བཅས་ཟེར་ཞིང་། སྔོན་ཆད་ཀྱི་བྱང་བུ་དང་། ད་ལྟ་གསར་བཟོས་བྱང་བུ་གཉིས་ལ་ཟླ་དངུལ་གྱི་འགྲོ་གྲོན་ཡང་ཁྱད་པར་ཆེན་པོ་ཡོད་པ་དང་། དེ་སྔ་ཡིན་ན། ཟླ་ངོ་རེར་རྒྱ་སྒོར་༤༩ སྤྲད་པ་ཡིན་ན། ཉིན་གྲངས་༣༠ ལ་དྲ་རྒྱ་བེད་སྤྱོད་གཏོང་ཐུབ་པ་དང་། འདང་ངེས་ཞིག་ཡོད་ཅིང་། གསར་བཟོས་བྱང་བུའི་སྟེང་ཟླ་ངོ་རེར་རྒྱ་སྒོར་བརྒྱ་ལྷག་བླུགས་ནའང་མ་འདང་བའི་དཀའ་ངལ་འཕྲད་ཀྱིན་འདུག། དམིག་གསལ་ཕྱིའི་རྒྱལ་ཁབ་ཀྱི་མི་དང་མཉམ་དུ་སྐད་འཕྲིན་དྲ་བ་ནས་ཁ་བརྡ་བྱེད་དགོས་ན། ངེས་པར་དུ་བྱང་བུ་བཟོ་སར་སོང་ནས་ཡི་གེ་ཞིག་ལ་ས་ཡིག་རྒྱག་དགོས་པ་དང་མཉམ་དུ་དྲ་འབྲེལ་ཚོད་འཛིན་གློད་གྱིན་འདུག་པ་དང་། ཟླ་ངོ་རེ་རེའི་མཚམས་སུ་བྱང་བུའི་སྟེང་ནས་རྒྱལ་ནང་དུ་དྲ་ལམ་བེད་སྤྱོད་བཏང་ནས། སྐར་གྲངས་ཅི་ཙམ་སོང་ཡོད་མེད་དང་། ཕྱིའི་རྒྱལ་ཁབ་ལ་དྲ་འབྲེལ་བྱས་ནས་དྲ་བའི་སྐར་གྲངས་ཅི་ཙམ་སོང་ཡོད་མེད་གཉིས་ཀྱི་གྲངས་ཚོད་ཁ་ཁ་བྱས་ནས་བྱང་བུའི་ལས་ཁུངས་ན་ལྟ་རྒྱུ་ཡོད་འདུག།

དེར་བརྟེན་ཚོད་འཛིན་དང་བཀག་སྡོམ་ཧ་ཅང་ཤུགས་ཆེན་པོ་རེད་འདུག་ཅེས་བརྗོད་སོང་། དེ་དང་ཆབས་ཅིག། ད་ལྟ་བོད་ཀྱི་རྒྱལ་ས་ལྷ་སར་གཏན་སྡོད་བོད་མི་ཞིག་ལ་གནས་ཚུལ་དང་འབྲེལ་བའི་སྐོར་ལ་སྐད་ཆ་དྲིས་པར། ཁོང་གིས་བརྗོད་དོན་ལྟར་ན། ཁོང་གིས་གསར་བཟོས་བྱང་བུའི་སྟེང་གི་སྐད་འཕྲིན་ལས་ཕྱིའི་རྒྱལ་ཁབ་ཀྱི་མི་དང་སྐད་འཕྲིན་འབྲེལ་ཐུབ་ཀྱིན་མིན་འདུག། བོད་ལྗོངས་ལྷ་ས་གྲོང་ཁྱེར་མངའ་ཁོངས་སུ་གཞི་རྩའི་ཆ་ནས་རྒྱ་ནག་གི་བཀག་སྡོམ་ཆེན་པོ་ཡོད་པ་རེད། དེ་སྔ་ཡིན་ན། བྱང་བུའི་སྟེང་དེ་འདྲའི་བཀག་སྡོམ་ཡོད་པ་མ་རེད། ཕྱི་ལོ་༢༠༢༢ ནས་བཟུང་། གསར་བཟོས་བྱང་བུའི་སྟེང་བཀག་སྡོམ་དེ་འདྲ་བྱས་འདུག་མོད། འོན་ཀྱང་། རྒྱ་ནག་ནང་དར་ཁྱབ་ཡོད་པའི་དྲ་ལམ་གང་ལའང་ཚོད་འཛིན་བཀག་སྡོམ་བྱས་མེད་པར་ལྟ་ཉན་བྱེད་ཐུབ་ཀྱིན་འདུག། ཅེས་བརྗོད་སོང་། སྤྱིར་གསར་ཏུ་བཟོས་པའི་བྱང་བུའི་སྟེང་སྐད་འཕྲིན་ཕབ་ལེན་བརྒྱུད་བོད་ཕྱི་ལོགས་ཀྱི་མི་དང་འབྲེལ་བ་བྱ་རྒྱུར་བཀག་སྡོམ་བྱས་ཡོད་པ་དེ་ནི། བོད་ནང་རྒྱ་གཞུང་གིས་དབྱེ་བ་བྱས་པའི་ཞིང་ལྗོངས་ལྔ་ཡོངས་སུ་གཅིག་མཚུངས་ཡིན་པ་རེད་འདུག།

XS
SM
MD
LG