ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་བལ་ཡུལ་གྱི་ཆབ་སྲིད་འཛིན་སྐྱོང་དུམ་བུར་གཏོང་གི་ཡོད་དམ།


བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་ཁུལ་ལ་འགལ་ཟླ་བྱུང་བ་སེལ་ཐབས་སུ་ཕྱི་ཟླ་༤་པའི་ཚེས་༢༨་དང་ཕྱི་ཟླ་༥་པའི་ཚེས་༡་བཅས་ལ་ཚོགས་འདུ་སྔ་རྗེས་ཐེངས་གཉིས་ཚོགས། ཚོགས་ཞུགས་འཐུས་མི་ཚོས་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་རྣམས་སེལ་ཐབས་ལ་གྲོས་བསྡུར་བྱས་ཤིང་། བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆིས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་དེའི་ནང་ཁུལ་གྱི་འགལ་ཟླ་རྣམས་སེལ་ཐབས་སུ་བར་འདུམ་གྱི་འགན་འཁྲི་ཆེན་པོ་ཞིག་བླང་པ་རེད་ཅེས་བལ་ཡུལ་གྱི་དུས་བབ་ཚགས་པར་དང་ཧི་མ་ལ་ཡའི་དུས་བབ་ཚགས་པར་གཉིས་སུ་གནས་ཚུལ་ཐོན་འདུག བདུན་ཕྲག་སྔོན་མར་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ཡོངས་གྲགས་སུ་སྲིད་བློན་ཨོ་ལིས་རང་གི་ལས་གནས་ནས་གནང་བ་ཞུས་ཏེ་བགྲེས་ཡོལ་ལ་ཕེབས་དགོས་ཞེས་མཐའ་ལ་བཀར། ཡིན་ནའང་སྲིད་བློན་ཨོ་ལིས་རང་གི་གནས་ནས་གནང་བ་ཞུས་ཏེ་བགྲེས་ཡོལ་ལ་ཕེབས་རྒྱུའི་ཚབ་ཏུ་བལ་ཡུལ་གྱི་དམར་ཤོག་ཚོགས་པ་དུམ་བུ་གཉིས་སུ་བཏང་ནས་སྔར་བཞིན་སྲིད་དབང་འཛིན་རྒྱུའི་གྲ་སྒྲིག་ཡོད་པའི་རྣམ་པ་ཞིག་ཐོན་འདུག

བལ་ཡུལ་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་བློན་ཨོ་ལི་གནས་དབྱུང་གཏོང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་དང་སྲིད་བློན་ཨོ་ལིར་སྲིད་དོན་ཚོགས་པའི་ནང་ཁུལ་དུ་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་དོ་བདག་རང་གི་བྱས་ཉེས་ཤིག་ཡིན་སྲིད། འོན་ཀྱང་གནད་དོན་གཙོ་བོ་ཞིག་ནི་བལ་ཡུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཧུག་ཡན་ཆི་རྣམས་ཐུག་འཕྲད་གྲོས་མོལ་རིམ་པ་ཞིག་བྱས་པར་འབྲེལ་བ་འདུག་ཅེས་གླེང་། རྒྱ་གར་དུ་བཅའ་སྡོད་བལ་ཡུལ་གཞུང་ཚབ་པ་ཟུར་པ་ལོཀ་ར་ཇི་བྷ་རཱལ་གྱིས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་ཁ་འཐོར་དང་དུམ་བུར་གཏོང་གི་ཡོད་པ་ནི་རྒྱ་ནག་གི་ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཆ་ཤས་སུ་གཏོགས་པ་ཧ་ཅང་གསལ་པོ་རེད། འདི་ནི་རྒྱ་གར་གཞུང་གིས་སྔ་མོ་ནས་ལོ་ཤས་ཤིག་གི་སྔོན་བར་དུ་བལ་ཡུལ་ལ་ལག་ལེན་བསྟར་པའི་སྲིད་ཇུས་དང་གཅིག་མཚུངས་སུ་གྱུར་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༢༨་ཉིན་གྱི་ཚོགས་འདུའི་ཐོག་ཏུ་པུ་ཤ་པ་ཀ་མལ་དྷལ་དང་བྷམ་དེ་ཝྭ་གྷོ་ཏམ་གཉིས་ཀྱིས་ཐད་ཀར་སྲིད་བློན་ཨོ་ལི་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་བཤདབལ་ཡུལ་གྱི་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ལྷན་ཁང་གི་འཐུས་མི་ཉེར་ལྔས་སྲིད་དོན་ཚོགས་པའི་ཛ་དྲག་གི་ཚོགས་འདུ་ཚོགས་དགོས། སྲིད་བློན་ཨ་ལིས་སྲིད་དོན་ཚོགས་པ་དང་སྲིད་གཞུང་གི་དབང་ཆ་རྣམས་སྒེར་གཅོད་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས།།

སྲིད་བློན་ཨ་ལིས་ཚོགས་འདུ་དེའི་ཐོག་ཏུ་གྷོ་ཏམ་ངའི་རྗེས་འཛིན་པ་ཡིན་ཞེས་བསྒྲགས། བྷམ་དེ་ཝྭ་གྷོ་ཏམ་ནི་སྔོན་ཆད་བལ་ཡུལ་གྱི་མར་ཁེ་སི་དང་ལེ་ཉིང་རི་ལུགས་མཉམ་འབྲེལ་དམར་ཤོག་ཚོགས་པའི་ཁོངས་ནས་ལོགས་སུ་མཆེད་པའི་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པས་པུ་ཤ་པ་ཀ་མལ་དྷལ་དང་འགལ་ཟླ་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་པ་ཉག་ཅིག་ཡིན་ཞིང་། ཐ་ན་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁ་འཐོར་དུམ་བུར་འགྲོ་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་རྟགས་མཚན་ཞིག་མངོན། ཡིན་ནའང་ཕྱི་ཟླ་༥་པའི་ཚེས་༡་གི་ཚོགས་འདུའི་ཐོག་ཏུ་སྲིད་བློན་ཨོ་ལིས་རང་སྐྱོན་ཁག་ཅིག་ངོས་ལེན་དངཔུ་ཤ་པ་ཀ་མལ་དྷལ་ལ་སྲིད་དོན་ཚོགས་པའི་ལས་དོན་འཛིན་སྐྱོང་གི་དབང་ཚད་སྤྲོད་རྒྱུ་དང་གྷོ་ཏམ་ལ་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་ཞིག་གི་གདན་ཐོབ་སྤྲད། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་ཁུལ་དུ་གྲོས་བསྡུར་དང་ཆབ་སྲིད་ཀྱི་ནང་ཚོང་མང་པོ་ཞིག་བརྒྱབ་པའི་རྗེས་སུ་སྲིད་དོན་ཚོགས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པ་དང་སྲིད་བློན་ཨོ་ལིས་ལས་དུས་ཆ་ཚང་བར་དུ་སྲིད་དབང་འཛིན་རྒྱུ། པུ་ཤ་པ་ཀ་མལ་དྷལ་གྱིས་སྲིད་དོན་ཚོགས་པའི་ལས་དོན་འཛིན་སྐྱོང་བྱ་རྒྱུའི་གྲོས་འཆམ་བྱུང་ཡོད་པ་རེད།།

སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པ་ཁ་འཐོར་མ་སོང་བ་ནི་རྒྱ་ནག་གི་གཞུང་ཚབ་པས་བར་འདུམ་བྱས་པར་ཐུག་འདུག གལ་སྲིད་ཧུག་ཡན་ཆིས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པར་བར་འདུམ་ཡག་པོ་ཞིག་བྱས་ཐུབ་མེད་ཚེ། བལ་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱས་ནས་སྤྱི་ཡོངས་འོས་འདེམས་བྱ་དགོས་ཐུག་རྒྱུ་ཡིན་པས་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་ཆབ་སྲིད་ལ་ནུས་པ་ཆེན་པོ་ཐོན་འདུག རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་གཞུང་འཛིན་སྲིད་དོན་ཚོགས་པར་བར་འདུམ་བྱས་ནས་གཅིག་སྒྲིལ་བྱེད་ཐུབ་ཀྱི་ཡོད་པ་ལྟར་རྒྱ་ནག་ལ་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་ཁ་གཏོར་གཏོང་ཐུབ་པའི་ནུས་པའང་འདུག་ཅེས་གླེང་། བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་བྷན་དྷ་རི་དང་སྲིད་བློན་ཨོ་ལི། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་བཅས་ཀྱིས་རྒྱ་ནག་གི་གཞུང་ཚབ་པར་ཐུག་འཕྲད་བྱས་དོན་ནི་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་ཐབས་སུ་རྒྱ་ནག་གིས་བལ་ཡུལ་ལ་རོགས་སྐྱོར་ཇི་ལྟར་བྱ་དགོས་མིན་ལ་གྲོས་བསྡུར་བྱས་པ་ཡིན། བདུན་ཕྲག་སྔོན་མ་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བལ་ཡུལ་གྱི་སྲིད་འཛིན་བྷན་དྷ་རི་གཉིས་ཀྱིས་ཀྱང་བཀའ་མོལ་གནང་ཡོད་ཅེས་བསྒྲགས། འོན་ཀྱང་བལ་ཡུལ་གཞུང་གིས་སྲིད་འཛིན་བྷན་དྷ་རི་དང་ཞིས་ཅིན་ཕིང་གཉིས་ཀྱིས་གནད་དོན་ཅི་ཞིག་ལ་གྲོས་མོལ་བྱས་མིན་གསལ་བཤད་བྱས་མེད་པ་རེད། སྔོན་ཆད་རྒྱ་ནག་ཏུ་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་ཟུར་པ་ཏན་ཁ་ཀར་ཀིས་བཤད་པ་ལྟར་ན། དེང་སྐབས་འཛམ་གླིང་ཧྲིལ་པོས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ལ་གདོང་ལེན་བྱེད་བཞིན་པའི་དུས་འདིར་རྒྱ་ནག་གམ། རྒྱལ་ཁབ་སུ་ཞིག་ཡིན་རུང་བལ་ཡུལ་གྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་འོས་འཚམས་ཤིག་མ་རད་ཅེས་བཤད།།

བལ་ཡུལ་གྱི་ཉམས་ཞིབ་པ་ཁག་ཅིག་གིས་བལ་ཡུལ་གྱི་དམར་ཤོག་ཚོགས་པ་ཁ་འཐོར་འགྲོ་གྲབས་སུ་གྱུར་པ་རྒྱ་ནག་གི་གཞུང་ཚབ་པའི་བྱས་ཉེས་ཁོ་ན་ཡིན་མི་སྲིད། སྲིད་བློན་ཨོ་ལི་རང་གི་སྲིད་དོན་ཚོགས་པའི་ནང་ཁུལ་དུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་སྲིད་དབང་འཛིན་རྒྱུན་འཁྱོངས་བྱེད་ཐབསམེད་པའི་མཚམས་སུ་ལྷུངབ་རེད། ཁོ་པར་སྲིད་དོན་ཚོགས་པའི་ནང་ཁུལ་གྱི་ཁ་གཏད་པ་ཚོར་གྲོས་འགྲིག་བྱ་རྒྱུའི་གདམ་ཀ་འབའ་ཞིག་ལས་མི་འདུག་ཅེས་བཤད། ལོཀ་ར་ཇི་བྷ་རཱལ་གྱིས་རྒྱ་ནག་གི་གཞུང་ཚབ་པས་ཤོག་ཁག་ཚང་མའི་གནད་ཡོད་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་པ་ནི་མཐར་ཐུག་གི་དམིགས་ཡུལ་སྒྲུབ་ཐབས་དེའི་ཆ་ཤས་ཤིག་རེད། བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་འཐབ་རྩོད་ལངས་ཡོད་པའི་སྒང་དེར་རྒྱ་ནག་གི་གཞུང་ཚབ་པས་འབྲེལ་ཡོད་ལས་སྣེ་ཚོར་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་རྒྱུན་ལྡན་ཞིག་མ་རེད་ཅེས་དགག་པ་བརྒྱབ། རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་ཕྱི་ཟླ་༤་པའི་ཚེས་༣༠་ཉིན་ཐུག་འཕྲད་གྲོས་མོལ་བྱས་པའི་ཚེས་གྲངས་ནི་ཨ་རིའི་གཞུང་གིས་འགྲོ་གྲོན་བཏང་སྟེ་སྟོང་ལོ་གསར་པའི་དཀའ་ངལ་གདོང་ལེན་མཉམ་འབྲེལ་ཚོགས་པ་ཞེས་པ་ཞིག་གིས་སྙན་ཐོ་བཏོན་པ་དེརབལ་ཡུལ་གཞུང་གིས་བསྐྱར་ཞིབ་བྱ་རྒྱུའི་དུས་ཚོད་ཡིན་ཞིང་། སྟོང་ལོ་གསར་པའི་དཀའ་ངལ་གདོང་ལེན་མཉམ་འབྲེལ་ཚོགས་པ་ནི་ཨ་མི་རི་ཀས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་འཛིན་པའི་འཐབ་ཇུས་ཤིག་དང་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཆར་གཞི་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་རེད། བལ་ཡུལ་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཁོངས་སུ་མཉམ་ཞུགས་བྱ་རྒྱུའི་མིང་རྟགས་བཀོད་ཡོད་པས་རྒྱ་ནག་གིས་བལ་ཡུལ་ལ་ཨ་མི་རི་ཀས་ཤུགས་རྐྱེན་ཐེབས་རྒྱུ་འགོག་ཐབས་བྱེད་ཀྱི་ཡོད་པ་མཚོན་ཐུབ།།

ཨ་མི་རི་ཀའི་འཆར་གཞི་དེས་ཀྱང་བལ་ཡུལ་གྱི་གཞུང་འཛིན་ཚོགས་པར་ཁ་གཏོར་གཏོང་གི་ཡོད་པ་སྟེ། བལ་ཡུལ་གྱི་སྲིད་བློན་ཨོ་ལིའི་ཕྱོགས་གཏོགས་པ་གཙོ་བོ་ནོར་སྲིད་བློན་ཆེན་དང་ཕྱི་སྲིད་བློན་ཆེན་སོགས་ཀྱིས་ཨ་རིའི་སྟོང་ལོ་གསར་པའི་དཀའ་ངལ་གདོང་ལེན་མཉམ་འབྲེལ་ཚོགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་པུ་ཤ་པ་ཀ་མལ་དྷལ་གྱི་ཤོག་ཁག་གིས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བལ་ཡུལ་གྱི་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གིས་རྒྱ་ནག་གི་གཞུང་ཚབ་པས་བདུན་ཕྲག་སྔོན་མར་བལ་ཡུལ་གྱི་སྲིད་དོན་ཚོགས་པ་དེའི་ནང་ཁུལ་གྱི་འགལ་ཟླར་བར་འདུམ་བྱས་སོང་། བལ་ཡུལ་གྱི་སྤྱི་དམངས་ཚོས་རྒྱ་ནག་གི་གཞུང་ཚབ་པས་གནོན་ཤུགས་སྤྲད་ཡོད་པའི་ཚོད་དཔག་བྱ་རྒྱུའང་ཆོས་ཉིད་རེད། ཡིན་ནའང་རྒྱ་ནག་གི་གཞུང་ཚབ་པས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པས་ཅི་ཞིག་བསྒྲུབ་དགོས་མིན་ནི་གཏན་ནས་བཤད་མ་སོང་། ཁོང་གིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་གལ་ཆེ་ཞེས་ནན་བརྗོད་བྱས་ལུགས་ཤིག་བཀྲལ། ཡིན་ནའང་ལོ་རེ་བཞིན་དུ་རྒྱ་ནག་གིས་བལ་ཡུལ་གྱི་ཆབ་སྲིད་དང་ནང་སྲིད་སོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་མངོན་གསལ་ཇེ་དོད་ཡིན་པ་དང་། རྒྱལ་སྤྱིའི་ཐོག་ཏུ་ཆབ་སྲིད་ས་ཁམས་ཀྱི་འཐབ་རྩོད་ཆེ་རུ་འགྲོ་བཞིན་པ་བལ་ཡུལ་ལའང་ཁྱབ་ཀྱི་ཡོད་པ་རེད།།

XS
SM
MD
LG