ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་ཧྲེན་ཀྲེན་སོགས་གྲོང་ཁྱེར་༥༨་ལ་ནད་དུག་ཁྱབ་གདལ།


༄༅།། རྒྱ་ནག་གི་ཞིང་ཆེན་བཅུ་དགུའི་གྲོང་ཁྱེར་༥༨་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་ཉེན་ཚབས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན། ཕྱི་ཟླ་༣་པའི་ཚེས་༡༤་ཉིན་སི་ཨེན་ཨེན་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མར་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་མི་༢༡༢༥་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོས་འདུག འདི་ནི་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠༠་ལྷག་བརྒལ་བའི་ཉིན་བཞི་པ་དེ་ཡིན། ཕྱི་ཟླ་༣་པའི་མགོ་སྟོད་ནས་ད་ལྟའི་བར་དུ་མི་ཁྲི་ཚོ་༡་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་སོང་། གཟའ་སྤེན་པའི་ཉིན་རྒྱ་ནག་ནང་ཁུལ་དུ་མི་༣༡༢༢་ལ་ནད་དུག་འགོས་འདུག འདི་ནི་ལོ་གཉིས་ཀྱི་སྔོན་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་ཉི་མ་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་༣༠༠༠་ལྷག་བརྒལ་བ་ཐེངས་དང་པོ་ཡིན་ཞེས་བསྒྲགས། རྒྱ་ནག་གཞུང་གིས་སྒོ་རྒྱ་བསྡམས་པ་དང་ཟུར་འགོག ས་མཚམས་བཀག་པ་དང་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ལན་མང་བྱས་ནས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་རྒྱུན་འཁྱོད་བྱེད་ཀྱི་ཡོད་ཅིང་། འོན་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་དེ་ལག་ལེན་བསྟར་དཀའ་བ་ཞིག་ཏུ་གྱུར། ཕྱི་ཟླ་༣་པའི་ཚེས་༡་ནས་ཐེངས་འདིའི་གཟའ་མཇུག་བར་དུ་རྒྱ་ནག་གི་ཅི་ལིན་ཞི་ཆེན་ནང་དུ་མི་༤༦༠༥་ལ་ཏོག་དབྱིབས་ནད་དུག་འགོས། ཁ་སང་གཟའ་ཉི་མ་གཅིག་པུར་ཅི་ལིན་ཞིང་ཆེན་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༢༦་ཐོན་ཏེ་གྲོང་གླིང་༥༠༤་ལ་སྒོ་རྒྱ་བསྡམས། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོས་འདས་པའི་གཟའ་འཁོར་དེར་རྒྱ་ནག་ལ་ཆ་མཉམ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༣༧༠་རེ་ཐོན་འདུག་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་བྱང་ཤར་ཕྱོགས་སུ་ཆགས་པའི་བཟོ་ལས་ཀྱི་གྲོང་ཁྱེར་ཆེན་པོ་ཁྲང་ཁྲུན་དང་རྒྱ་ནག་ལྷོ་ཕྱོགས་ཀྱི་དཔལ་འབྱོར་ལྟེ་གནས་ཧྲེན་ཀྲེན་གྲོང་ཁྱེར་གཉིས་ཀྱིས་སྒོ་རྒྱ་བསྡམས་ནས་མི་གྲངས་ས་ཡ་༢༦་ལྷག་རང་ཁྱིམ་དུ་བཀག་ནས་ཕྱི་ལ་འབུད་མི་ཆོག་ཅེས་དམ་དྲག་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་བཤད་པ་ལྟར་ན། གཟའ་སྤེན་པའི་ཉིན་ཧྲེན་ཀྲེན་གྲོང་ཁྱེར་ཡོངས་སུ་མི་༦༦་ལ་ཏོག་དབྱིབས་ནད་དུག་འགོས། དེར་བརྟེན་ཕྱི་ཟླ་༣་པའི་ཚེས་༡༤་ནས་ཚེས་༢༠་བར་དུ་ཚོང་ལས་རྣམས་སྒོ་རྒྱག་དགོས། ཧོང་ཀོང་ལ་བཟའ་ཆས་སྐྱེལ་འདྲེན་བྱེད་མཁན་རྣམས་མ་གཏོགས་མི་ཚོས་རང་ཁྱིམ་དུ་རྒྱང་ལས་བྱེད་དགོས་ཞེས་བཀའ་ཕབ། སྤྱི་དམངས་འགྲིམ་འགྲུལ་བཀག་སྟེ་ཟ་ཁང་ནང་ལོགས་སུ་བཟའ་བཏུང་ལ་རོལ་མི་ཆོག བཟའ་ཆས་དང་སྨན་གྱི་ཚོང་ཁང་རྣམས་སྒོ་འབྱེད་ཆོག གལ་ཏེ་ཧྲེན་ཀྲེན་བ་གང་ཞིག་ཛ་དྲག་གི་དོན་དུ་འགྲིམ་འགྲུལ་བྱེད་དགོས་ན་ཆུ་ཚོད་༢༤་ནང་ཚུད་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་ཞེས་བརྡ་ཐོ་བཀྲམ། ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གི་ཧྥོཀ་སི་ཀོན་ལྷུ་ལྷག་བཟོ་གྲྭས་ས་གནས་ཀྱི་ཁྲིམས་ལྟར་རེ་ཞིག་ཧྲེན་ཀྲེན་དུ་ལས་མཚམས་བཞག་པ་ཡིན། བཟོ་གྲྭ་བསྐྱར་དུ་ནམ་སྒོ་འབྱེད་ཐུབ་མིན་ནི་ས་གནས་ཀྱི་གནས་སྟངས་ལ་རག་ལས་པ་རེད། ང་ཚོས་རང་གི་ཐོན་སྐྱེད་ཉུང་དུ་མི་འགྲོ་བའི་ཆེད་དུ་ས་གནས་གཞན་དུ་ཀུ་ཤུ་ཁ་པར་གྱི་ལྷུ་ལག་བཟོ་རྒྱུ་བཀོད་སྒྲིག་བྱས་ཡོད་ཅེས་བཤད། ཧྥོཀ་སི་ཀོན་བཟོ་ཚོང་ཁང་ནི་ཐེ་ཝན་གྱི་བཟོ་ཚོང་ལས་ཁུངས་ཆེ་ཁག་ཅིག་ཡིན་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་མི་འབོར་ས་ཡ་༩་ཡོད་པའི་རྒྱ་ནག་གི་ཁྲང་ཁྲུན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས། གྲོང་ཁྱེར་དེའི་ཁྱིམ་ཚང་རེའི་མི་རེ་ཉི་མ་གཉིས་རེའི་མཚམས་སུ་ཕྱི་ལ་བཟའ་ཆས་ཉོ་རུ་འགྲོ་ཆོག་ཅེས་བཀོད་ཁྱབ་བཏང་འདུག

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལའང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༦༩་ཐོན། ཕྱི་ཟླ་༣་པའི་ཚེས་༡་ནས་ཁ་སང་བར་དུ་ཧྲང་ཧེ་གྲོང་ཁྱེར་ཡོངས་སུ་མི་༧༧༨་ལ་ཏོག་དབྱིབས་ནད་དུག་འགོས། ཧྲང་ཧེ་གྲོང་ཁྱེར་གཞུང་གིས་ནད་དུག་ཁྱབ་གདལ་གྱི་གྲོང་གླིང་གཅིག་པ་དང་ལས་ཁུངས་གཅིག་པ། སློབ་གྲྭ་གཅིག་པ་དང་ཏོག་དབྱིབས་ནད་དུག་འགོས་པའི་མི་ལ་འབྲེལ་བ་བྱུང་བ་ཚོ་ཉི་མ་༢་ལ་རང་ཁྱིམ་དུ་ཟུར་འགོག་བྱ་དགོས། དེ་ནས་མི་དེ་ཚོར་ཉི་མ་༡༢་ལ་ནད་དུག་འགོས་ཡོད་པའི་རྟགས་མཚན་ཡོད་མེད་རྟོག་ཞིབ་བྱ་དགོས། ཧྲང་ཧེ་གྲོང་ཁྱེར་ལ་མི་འབོར་ས་ཡ་༢༤་དང་འབུམ་༩་མ་ཟིན་ཙམ་ཞིག་ཡོད་པ་རྣམས་དགོས་ངེས་མིན་ན་ས་གནས་གཞན་ལ་འགྲིམ་འགྲུལ་བྱེད་མི་དགོས་པ་གཙོ་འདོན་བྱོས་ཞེས་གསལ་བསྒྲགས་སྤེལ། ཟླ་བ་འདིར་རྒྱ་ནག་གཞུང་གིས་ཅིས་ལིན་ཞིང་ཆེན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཞིག་དང་གྲོང་ཁྱེར་དེའི་འཕྲོད་བསྟེན་འགན་འཛིན། ཀོང་ཏུང་ཞིང་ཆེན་གྱི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཞིག་དང་ཞིང་ཆེན་གྱི་ཉེན་རྟོག་པའི་འགན་འཛིན་གཞོན་པ་སོགས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་ཡུལ་གྲོང་ཁྱེར་ཁག་གི་ལས་སྣེ་༢༦་གནས་དབྱུང་བཏང་སྟེ་ནད་འགོག་གི་ལས་དོན་འཐུས་ཤོར་བཏང་བའི་ཉེས་ཆད་བཅད། གཟའ་ཉི་མའི་ཉིན་ཧྲེན་ཀྲེན་གྲོང་ཁྱེར་གྱི་མི་དམངས་ཀྱིས་བཟའ་ཆས་དང་བདུན་ཕྲག་གཅིག་གི་ཉེར་མཁོའི་ཅ་ལག་རྣམས་ཉོ་བར་འཚང་ཁ་བརྒྱབ་ནས་འགྲིམ་འགྲུལ་འགགས། ལས་ཁུངས་ཁག་གི་ལས་བྱེད་པ་ཚོ་བྲེལ་མྱུར་གྱིས་ལས་ཁུངས་ལ་ལག་ཆ་ལེན་དུ་སོང་། སྔ་ལོ་རྒྱ་ནག་གི་ཞི་ཨེན་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་ནས་མི་འབོར་ས་ཡ་༨་དང་ཕྱེད་ཀ་ལྷག་ལ་བཟའ་བཏུང་ཆད་པ་ལྟར་འབྱུང་སྲིད་པའི་འཇིགས་སྣང་སྐྱེས།།

ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དྲྭ་དམངས་ཁག་ཅིག་གིས་སྤྱི་ཚོགས་དྲྭ་ལམ་དུ་སྐམ་ས་ཆེན་མོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་བའི་ལན་ཁག་ཧོང་ཀོང་ལ་ཡོད། ཧོང་ཀོང་བ་ཚོ་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་ལ་ཡོང་ནས་ནད་དུག་བགོས་པ་རེད། རྒྱ་ནག་དང་ཧོང་ཀོང་གི་ས་མཚམས་སྒོ་རྒྱག་དགོས་ཞེས་མཆན་བྲིས། དེ་རིང་གཟའ་ཟླ་བའི་ཉིན་ཧྲེན་ཀྲེན་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༥་ཐོན། མི་༢༦་ལ་ས་གནས་རང་དུ་ནད་དུག་འགོས་ཡོད་པ་དང་མི་༢༤་ལ་ཧོང་ཀོང་ནས་ནད་དུག་འགོས། དེ་རིང་གཅིག་པུར་རྒྱ་ནག་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༤༣༧་ཐོན་སོང་ཞེས་ངེས་གཏན་བྱས་འདུག ད་ལྟ་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་འགོ་ཁྱབ་འགྲོ་བཞིན་པ་འགོག་དཀའ་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དབྱིན་ཇིའི་གྷར་ཌིན་གསར་ཁང་གིས་གཟའ་ཉི་མའི་ཉིན་ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༢༠༠༠་ཐོན་འདུག ཧོང་ཀོང་གི་སྨན་ཁང་ཁག་ཏུ་ནད་པ་ཉལ་ས་མེད་པར་ཕྱི་ལོགས་སུ་གུར་ཁང་ནང་དུ་སྙལ་དགོས་པའི་དཀའ་ངལ་ཡང་སེལ་ཐུབ་མི་འདུག་ཅེས་གནས་ཚུལ་སྤེལ། ཧོང་ཀོང་གི་འཕྲོད་བསྟེན་ཉམས་ཞིབ་སྨན་པ་ཨལ་བྷར་ཊི་ཨོ་ཞེས་པ་ཞིག་གིས་མི་ཚོས་ཏོག་དབྱིབས་ནད་ཡམས་འཇོམས་ཀྱི་འདུག་ཅེས་སྣང་ཆུང་གཏན་ནས་གཏོང་མི་ཉན། ང་ཚོས་དོགས་ཟོན་མ་བྱས་ན་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཉག་ཅིག་རེད་ཅེས་ཉེན་བརྡ་བཏང་ཞིང་། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་འགོས་ནད་བརྟག་དཔྱད་མཁས་པ་ཀྲང་ཝེན་ཧོང་གིས་ཧོང་ཀོང་ལ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པ་དེའི་ངར་སྒང་ལ་ད་དུང་སླེབས་མི་འདུག ང་ཚོས་སྒོ་རྒྱ་བསྡམས་པ་དང་ཟུར་འགོག བརྟག་དཔྱད་བྱས་ནས་ནད་དུག་ཁྱབ་གདལ་དལ་དུ་གཏོང་ཐུབ། མི་དམངས་ལ་དངངས་སྐྲག་ཡོང་གི་ཡོད་པའང་ཆོས་ཉིད་རེད་ཅེས་བཤད།།

ཀྲང་ཝེན་ཧོང་གིས་རྒྱ་ནག་ལ་སྒོ་མོ་ཕྱེ་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱ་རྒྱུ་ནི་ཆག་སྒོ་ཆེན་པོ་ཞིག་རེད། ཅིའི་ཕྱིར་ཞེ་ན་རྒྱ་ནག་གི་རྒན་རྒོན་གྱི་མི་འབོར་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་མེད། ནད་ཡམས་འདི་མགོ་ཞིག་འཇོམས་པའི་རྗེས་སུ་རྒྱུན་འཁྱོངས་ཐུབ་པའི་ནད་འགོག་གི་འཐབ་ཇུས་ཤིག་འཛིན་ཐུབ། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་སྤྱི་ཚོགས་ལ་འགྱུར་བ་ཐེབས་པའི་ནད་འགོག་གི་འཐབ་ཇུས་རྣམས་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་ཀྱི་རིང་དེར་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༡༡༦༠༠༠་ལྷག་བྱུང་ཡོད་པ་དང་མི་༤༦༣༦་ལ་འཆི་སྐྱོན་བྱུང་སོང་ཞེས་སྒྲོགས་ཀྱི་ཡོད་པ་བདེན་པ་ཡིན་ཚེ། རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ལྷག་ཡོད་པ་དེའི་ཁོངས་ནས་མི་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་ནད་དུག་གིས་འཆི་སྐྱོན་བྱུང་བའི་གྲངས་འབོར་དེ་ཧ་ཅང་ཉུང་ཉུང་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་དེར་འཛམ་གླིང་གི་འཕྲོད་བསྟེན་མཁས་པ་དང་ཚན་རིག་པ་ཚོས་ཡིད་ཆེས་བྱེད་ཀྱི་ཐུབ་མེད་ཅིང་། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་དོན་དངོས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་འཆི་སྐྱོན་ཕོག་པའི་གྲངས་འབོར་ལྡབ་འགའ་ཞིག་མང་བ་བྱུང་འདུག་ཅེས་བསྟན། ད་ལྟ་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་གྱི་ཡོད་པའི་མཚམས་འདིར་རྒྱ་ནག་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁབ་གདལ་འགྲོ་རྒྱུ་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG