ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

རྒྱ་ནག་གིས་ཡུ་གུར་བའི་གྲོང་ཚོ་ཁག་གི་མིང་བསྒྱུར་ནས་རྒྱ་མིང་བཏགས།


 རྒྱ་ནག་གིས་ཡུ་གུར་བའི་གྲོང་ཚོ་ཁག་གི་མིང་བསྒྱུར་ནས་རྒྱ་མིང་བཏགས།
རྒྱ་ནག་གིས་ཡུ་གུར་བའི་གྲོང་ཚོ་ཁག་གི་མིང་བསྒྱུར་ནས་རྒྱ་མིང་བཏགས།

༄༅།། ཞིན་ཅང་གི་གྲོང་ཚོ་ཁག་ལ་ཡུ་གུར་བའི་ཆོས་དང་རིག་གཞུང་གི་གོ་དོན་ཟབ་མོའི་མིང་བཏགས་ཡོད་པ་རྣམས་རྒྱ་ནག་གཞུང་གིས་བཙན་སྒྱུར་གྱིས་རྒྱ་མིང་འདོགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༡༩་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ནོར་ཝེའི་ཡུ་གུར་རོགས་སྐྱོར་ཚོགས་པ་གཉིས་ཀྱིས་ཟུང་འབྲེལ་སྙན་ཐོ་བཏོན་པ་ལྟར་ན། ཞིན་ཅང་གི་གྲོང་ཚོ་༦༣༠་ཐམ་པར་ཡུ་གུར་བའི་ཆོས་ལུགས་དང་བྱུང་རབས། རིག་གཞུང་བཅས་ཀྱི་གོ་དོན་འདུས་པའི་མིང་བཏགས་ཡོད་པ་རྣམས་ཡོངས་སུ་བསུབས། གྲོང་ཚོ་དེ་དག་ལ་བདེ་སྐྱིད་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོ། འཆམ་མཐུན་གྲོང་ཚོ། དར་དམར་གྲོང་ཚོ་དང་སྐར་དམར་གྲོང་ཚོ། འོད་སྟོང་གྲོང་ཚོ་དང་མཐུན་ལམ་གྲོང་ཚོ་ཞེས་མིང་གསར་པ་བཏགས། དཔེར་ན་ཡུ་གུར་བ་ཚོས་སྒྲ་སྙན་ལ་དྷུ་ཏར་དང་ལྷ་ཁང་ལ་མ་ཛར་ཟེར། དྷུ་དར་གྲོང་ཚོ་ལ་དར་དམར་གྲོང་ཚོ་ཞེས་རྒྱ་མིང་བཏགས་ནས་ཡུ་གུར་བའི་སྲོལ་རྒྱུན་གྱི་གྲོང་མིང་རྣམས་ནག་སུབ་ཐེབས།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་མ་ཡ་ཝང་གིས་བཤད་པ་ལྟར་ན། ཞིན་ཅང་གི་གྲོང་ཚོ་ཁག་ལ་ཡུན་རིང་གི་ལོ་རྒྱུས་དང་རིག་གཞུང་ཕྱུག་པོའི་མིང་བཏགས་ཡོད་པ་རྣམས་རྒྱ་ནག་གཞུང་གིས་མེད་པར་གཏོང་གི་འདུག འདི་ནི་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཇུས་ཤིག་རེད་ཅེས་བསྟན། ཡུ་རོབ་རྒྱལ་ཁབ་ནོར་ཝེའི་ས་ཐོག་ཏུ་ཚུགས་པའི་ཡུ་གུར་རོགས་སྐྱོར་ཚོགས་པས་༢༠༠༩་ནས་༢༠༢༣་བར་དུ་རྒྱ་གཞུང་གི་དྲྭ་ཚིགས་ཁག་ཏུ་ཞིབ་འཇུག་བྱས་ནས་ས་མིང་བསྒྱུར་བ་རྣམས་ཐོ་འགོད་བྱས་ནས་སྙན་ཐོ་བཏོན། ཞིན་ཅང་རྒྱལ་ཡོངས་སུ་གྲོང་ཚོ་༢༥༠༠༠་ཡོད་པ་དེའི་ཁོངས་ནས་གྲོང་ཚོ་༣༦༠༠་ཡས་མས་ཤིག་གི་མིང་རྣམས་༢༠༠༩་ནས་༢༣་བར་དུ་བསྒྱུར་ཟིན་ཞིང་། ཁ་ཆེའི་སུ་ཧྥི་ཆོས་རྒྱུད་ཀྱི་མཁས་པ་སོགས་ཀྱི་མིང་ཚིག་ཧ་ནི་ཥ་དང་ཧོ་ཇཱ། སྲོལ་རྒྱུན་ཆོས་ལུགས་ཀྱི་མིང་ཚིག་པཀྵི་སོགས་བཏགས་ཡོད་པ་རྣམས་ནག་སུབ་བྱས་ཏེ་མི་སྣང་བར་གྱུར།།

ཡུ་གུར་བ་ཨབ་རྡུལ་ཝེ་ལི་ཨ་ཡུབ་
ཡུ་གུར་བ་ཨབ་རྡུལ་ཝེ་ལི་ཨ་ཡུབ་

༡༩༤༩་ལོའི་ཡར་སྔོན་དུ་བྱུང་བའི་ཡུ་གུར་བའི་ལོ་རྒྱུས་ལ་འབྲེལ་བ་ཡོད་པ་དང་རྒྱལ་ཕྲན་གྱི་མིང་། སྤྱི་མཐུན་རྒྱལ་ཕྲན་དང་ས་གནས་ཀྱི་དཔོན་ཁག་གི་མིང་། ཡུ་གུར་སྐད་དུ་ཕོ་བྲང་ལ་ཨོར་དྷ་དང་རྒྱལ་པོར་སུལ་ཏན་ཟེར་བ་སོགས་ཆབ་སྲིད་ཀྱི་གོ་དོན་ཡོད་པའི་མིང་ཚིག་རྣམས་བསྡུ་གསོག་བརྒྱབ། ཞིན་ཅང་གི་ཁ་ཤ་སྒར་དང་ཨག་སུ། ཧོ་དན་(ལི་ཡུལ)་ཁུལ་དུ་ཡུ་གུར་བ་གྲངས་མང་ཡིན་རུང་༢༠༡༧་ནས་༢༠༡༩་བར་དུ་ས་མིང་རྣམས་བསྒྱུར། ཡུ་གུར་བ་ཨབ་རྡུལ་ཝེ་ལི་ཨ་ཡུབ་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་ཁག་ཅིག་གིས་རང་གི་སྐྱེས་ཡུལ་གྲོང་རྡལ་ཡང་ངོས་ཟིན་གྱི་མི་འདུག ཡུ་གུར་བའི་རིག་གཞུང་གི་གོ་དོན་ཡོད་པ་ཐམས་ཅད་རྩ་མེད་གཏོང་གི་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་གིས་གྲོང་མིང་གསར་པ་བཏགས་པ་དེ་དག་ལ་རྒྱ་ནག་གི་རིག་གཞུང་ངམ། ཡང་ན་དམར་ཤོག་གི་ལྟ་གྲུབ་ཀྱི་གོ་དོན་འདུས།།

འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་རྒྱལ་སྤྱིའི་ལས་འགུལ་འགན་འཛིན་ཛུམ་རེ་ཏེ་ཨར་ཀིན་
འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་རྒྱལ་སྤྱིའི་ལས་འགུལ་འགན་འཛིན་ཛུམ་རེ་ཏེ་ཨར་ཀིན་

འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་རྒྱལ་སྤྱིའི་ལས་འགུལ་འགན་འཛིན་ཛུམ་རེ་ཏེ་ཨར་ཀིན་གྱིས་གྲོང་ཚོའི་མིང་སྒྱུར་གྱི་ཡོད་པ་དེས་ཡུ་གུར་བ་ཚོར་རང་ཉིད་རྒྱ་མི་རིགས་དང་བསྡུར་ན་ཐ་ཞན་ཡིན་པར་མ་ཟད། ཡུ་གུར་བའི་རིག་གཞུང་དེ་རྗེས་ལུས་ཡིན་པའི་བག་ཆགས་ངན་པ་ཞིག་འཇོག་གི་འདུག་ཅེས་བཀྲལ། རྒྱ་ནག་གཞུང་ནས་ཞིན་ཅང་གི་ས་མིང་སྒྱུར་གྱི་ཡོད་པ་ཁོ་ན་མིན་པར་ཡུ་གུར་བ་ས་ཡ་གཉིས་ལྷག་ངལ་རྩོལ་སྒྱུར་བཀོད་བཙོན་ར་ཁག་ཏུ་བཀག་ནས་ངལ་རྩོལ་བཀོལ། ཁོ་ཚོར་ཉིན་མཚན་དུས་དྲུག་ཏུ་པར་ཆས་བཙུགས་ནས་ལྟ་སྲུང་བྱས་པ་དང་བཟའ་མི་ཁ་བྲལ་བཏང་བ་སོགས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར།།

རྒྱ་ནག་གཞུང་གིས་༢༠༡༧་ནས་ཡུ་གུར་བའི་ལོ་རྒྱུས་དང་མི་རིགས་ཀྱི་འབྱུང་ཁུངས་རྣམས་གླེང་སློང་བྱེད་དུ་མི་འཇུག་པའམ། ཡང་ན་དེ་ལ་འཁྱོག་བཤད་བྱས་ནས་རྒྱ་ནག་གི་དམིགས་ཡུལ་དང་མཐུན་པ་ཞིག་ཏུ་སྒྱུར་གྱི་འདུག གལ་སྲིད་མི་ཞིག་གིས་ཉམས་ལེན་མ་འདྲ་བ་ཞིག་བྱས་ན་མཐའ་ལྷུང་རིང་ལུགས་པའི་ནག་ཉེས་བཙུགས་ནས་ལོ་མང་རིང་བཙོན་འཇུག་བྱ་སྲིད། ཡུ་གུར་བའི་ངོ་བོ་རྩ་མེད་གཏོང་བར་ལས་ཐབས་སྣ་མང་ཞིག་སྤྱོད་ཀྱི་འདུག་ཅེས་མ་ཡ་ཝང་གིས་ཐེར་འདོན་བྱས་མོད། འོན་ཀྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལིའུ་ཕེང་ཡུས་ང་ཚོས་ཡུ་གུར་བའི་རིག་གཞུང་སྲུང་སྐྱོབ་བྱས་ནས་ཡར་རྒྱས་གཏོང་གི་ཡོད། ཡུ་གུར་བ་ཚོས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་ཆོག་གི་རེད། ཞིན་ཅང་གི་ལམ་རྟགས་རྣམས་ཡུ་གུར་སྐད་དང་རྒྱ་ཡིག་གཉིས་ཀར་བྲིས་ཡོད་ཅེས་ཨ་རིའི་རླུང་འཕྲིན་ཁང་གི་དྲི་བར་ལན་བཏབ།།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་ནོར་ཝེའི་ཡུ་གུར་རོགས་སྐྱོར་ཚོགས་པས་མི་༡༡་ལ་སྐད་ཆ་དྲིས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་གི་གྲོང་ཚོ་ཁག་གི་མིང་བསྒྱུར་ནས་ཡུ་གུར་བ་ཚོས་རང་གི་ངོ་བོ་བརླགས་པའི་ཚོར་བ་མྱོང་། ཡུ་གུར་བ་ཁག་ཅིག་གིས་ས་ཆའི་མིང་གསར་པ་རྣམས་མ་ཤེས་པར་གྲོང་ཚོ་ཁག་རྙེད་དཀའ་བ་དང་འགའ་ཤས་ལ་ཐོ་འགོད་བྱེད་མ་ཤེས་པར་དཀའ་ངལ་ཕྲད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་ཁག་གི་རྒྱ་ཕིབས་དང་ཚེས་རིས་ཕབ། ལྷ་ཁང་གི་གྱང་ངོས་སུ་བྲིས་པའི་ཁ་ཆེའི་ཆོས་ལུགས་ཀྱི་ལེགས་བཤད་རྣམས་བསུབས་ནས་དེའི་ཤུལ་དུ་རྒྱ་ནག་དམར་ཤོག་གི་འབོད་ཚིག་བྲིས། ༢༠༡༧་ལོར་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ས་ཏམ་དང་ཨུ་ས་མ། མྷོ་མེ་ད་དང་ཇཱི་ཧ་ད། མེ་ཌི་ན་སོགས་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་མིང་༢༩་གདག་མི་ཆོག་པའི་ཐག་བཅད།།

རྒྱ་ནག་གཞུང་གིས་ཞིན་ཅང་གི་གྲོང་ཚོ་ཁག་གི་མིང་བསྒྱུར་བ་དེའི་སྐབས་སུ་དམིགས་པ་གཏོད་ཡུལ་གཙོ་བོ་ནི་ཁ་ཆེའི་ལྷ་ཁང་དང་ཆོས་ལུགས་ཀྱི་མཁས་པ་ཁག་གི་པུར་ཁང་། ཨ་རབ་དང་ཏ་ཟིག ཨུར་རྡུའི་སྐད་དུ་སྙན་ངག་འབྲི་མཁན་དང་རྒྱལ་པོ། ཁ་ཆེའི་ཐེབས་རྩ་ཁང་། ཁ་ཆེའི་གནས་ཆེན་ཁག་བཅས་ཀྱི་མིང་རྣམས་ཡིན་ཞིང་། རྒྱ་ནག་གཞུང་གིས་ཡུ་གུར་བའི་ས་མིང་དེ་དག་ལ་རྒྱ་ནག་དམར་ཤོག་གི་ཐ་སྙད་མིན་ན་ལྕང་སྡོང་གྲོང་ཚོ་དང་རྒྱ་སེའི་མེ་ཏོག་གྲོང་ཚོ། ཞིང་ལས་གྲོང་ཚོ་དང་འབྲོག་ལས་གྲོང་ཚོ་ཞེས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་མཐུན་པའི་མིང་ཚིག་སྦྱར། འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་རྒྱལ་སྤྱིའི་ལས་འགུལ་འགན་འཛིན་ཛུམ་རེ་ཏེ་ཨར་ཀིན་གྱིས་རྒྱ་ནག་གཞུང་ནས་ཡུ་གུར་བ་རྣམས་བཙན་གྱིས་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། རྒྱ་གཞུང་གི་སྲིད་ཇུས་ལ་བསྟུན་པར་ཡུ་གུར་བ་ཚོས་རང་གི་ངོ་བོ་སྦེད་ཐབས་བྱེད་ཀྱི་འདུག་ཟེར།།

རྒྱ་ནག་གཞུང་ནས་ཞིན་ཅང་གི་ཡུ་གུར་བའི་གྲོང་ཚོ་ཁག་གི་མིང་བསྒྱུར་ཏེ་མི་རིགས་དེའི་བྱུང་རབས་རྩ་མེད་གཏོང་གི་ཡོད་པར་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་གིས་ཁ་རྡུང་དྲག་པོ་གཏོང་གི་ཡོད་ཅིང་། ཡུ་གུར་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་ལེན་བསྟར་མཁན་རྒྱ་གཞུང་གི་ལས་སྣེ་ཁག་ཅིག་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨ་རི་སོགས་ལ་ཡོང་མི་ཆོག་པ་དང་ཚོང་ལས་གཉེར་མི་ཆོག་པའི་ཉེས་ཆད་བཀལ། ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་ལས་སྣེ་དེ་ཚོར་ཉེས་ཆད་བཀལ་ནས་ནུས་པ་ཐོན་གྱི་མི་འདུག་ཅེས་སྙན་ཐོའི་ནང་དུ་བཀོད། ༢༠༡༤་ལོའི་ཕྱི་ཟླ་༥་པ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་སྤེལ་ཏེ་ཏུར་ཀིའི་མི་རིགས་དེ་དགྲ་རུ་བཟུང་ངོ་།།

གླེང་སྟེགས།

XS
SM
MD
LG