ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་གཙང་དང་སྟོད་ཕྱོགས་སུ་སྐད་འཕྲིན་ལ་དམ་དྲག


༄༅།། དེང་སྐབས་རྒྱ་ནག་གཞུང་གིས་གཙང་དང་སྟོད་ཕྱོགས་སུ་སྐད་འཕྲིན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་ལ་ཆབ་སྲིད་ཀྱི་གནད་དོན་སོགས་བཤད་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་གཙང་ཁུལ་གྱི་བོད་པ་ཚོས་སྐད་འཕྲིན་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་སྐད་ཆ་བཤད་ན་མི་དེའི་བུ་ཕྲུག་རྣམས་རྒྱ་གཞུང་གི་སློབ་གྲྭ་ཁག་འགྲིམ་མི་ཆོག་པ་དང་དེ་མིན་གྱི་ཐོབ་ཐང་ཡོང་རྫོགས་གཅོད་རྒྱུ་ཡིན། སྤྱིར་བཏང་གི་སྐད་ཆ་ཡང་བཤད་ཆོག་གི་མ་རེད་ཅེས་ཉེན་བརྡ་གཏོང་གི་ཡོད་པའི་འགྲེལ་བརྗོད་གནང་སོང་།།

གསར་འགྱུར་མཁོ་སྤྲོད་པས་རྒྱ་གཞུང་གིས་བོད་པའི་སྐད་འཕྲིན་ལ་དམ་དྲག་བྱེད་སྟངས་ནི་མི་ཚང་མས་རང་རང་གི་ཁ་པར་ཨང་གྲངས་རྣམས་ཐོ་འགོད་བྱེད་དགོས་ཀྱི་འདུག ཁ་པར་ཨང་གྲངས་བརྒྱུད་ནས་སྐད་འཕྲིན་ལ་དམ་དྲག་བྱེད་ཐུབ་ཀྱི་ཡོད་པ་རེད། མི་སྣ་དོགས་པ་བྱ་དགོས་ས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤུན་མཆེད་ཡོད་མཁན་ཚོར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་འདུག མི་མང་གིས་རྒྱུན་དུ་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད་མེད་དང་བརྙན་རིས། འདྲ་པར་སོགས་སྐུར་ལེན་ཅི་ཞིག་བྱེད་ཀྱི་ཡོད་མེད་ཆ་ཚང་གློག་ཀླད་བརྒྱུད་ནས་ཤེས་རྟོག་ཐུབ་ཀྱི་རེད། ལྷག་པར་དུ་རྒྱ་གར་དང་བལ་ཡུལ་ལ་ཕྱིན་ནས་ཕྱིར་ལོག་བྱེད་མཁན་ཚོར་གཞན་དང་མ་འདྲ་བའི་དོགས་པ་དང་འགྲོ་སྡོད་སྤྱོད་གསུམ་ལ་ལྟ་རྟོག ཁོ་ཚོར་སོ་ཉུལ་བཙུགས་ནས་རྗེས་འདེད་བྱེད་དུ་འཇུག་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།།

༢༠༡༩་ལོའི་ཕྱི་ཟླ་༥་པ་ཙམ་ནས་འགོ་འཛུགས་ཀྱིས་རྒྱ་གཞུང་གི་ལས་སྣེ་ཚོས་བོད་ཀྱི་ས་ཁུལ་ཁག་ཏུ་ནག་ཚོགས་གཙང་སེལ་ཞེས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དེར་ལན་ཁག་དཀྲིས་ནས་སྐད་འཕྲིན་ལ་འབྲེལ་བ་ཡོད་པའི་སྒྲིག་ཁྲིམས་དོན་ཚན་བཅུ་ཅན་ཞིག་གསར་དུ་བཟོས། མི་བཅུ་ཡན་ཆད་ཀྱི་སྐད་འཕྲིན་ཚོགས་པ་ཡོངས་ལ་དྲྭ་ལམ་ཉེན་རྟོག་པས་སྔར་ལས་ལྷག་པའི་དམ་དྲག་དང་ཚད་མཐོའི་རང་འགུལ་འཕྲུལ་ཆས་ཀྱིས་ལྟ་ཞིབ་ནན་པོ་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་ནས་སྒྲིག་ཁྲིམས་ལ་འགལ་ན་མི་དེར་ལོ་གཅིག་ནས་ལོ་བརྒྱད་བར་དུ་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་བསྒྲགས། སྐད་འཕྲིན་ལ་བརྟེན་ནས་བོད་པ་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་རིམ་པ་ཞིག་ཐོན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG