ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་དངོས་སུ་ཁྲིམས་ལ་སྦྱོར་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་སྤྱི་ཟླ་དྲུག་པའི་ཚེས་བཅུ་དགུའི་ཉིན་རྒྱ་ནག་གི་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པའི་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་མེཀ་ཁོ་བྷུར་གྷི་དང་མེཀ་སི་ཕེ་ཊི་ཝོར་གཉིས་དངོས་སུ་ཁྲིམས་ལ་སྦྱོར་བྱ་རྒྱུ་ཡིན་ཅེས་བཤད་འདུག རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཡན་ལག་ལས་ཁུངས་ཤིག་གིས་ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་མེཀ་ཁོ་བྷུར་གྷི་ལ་ཕྱིའི་རྒྱལ་ཁབ་ཀྱི་གསང་ཉུལ་བ་དང་རྒྱ་ནག་གི་གསང་བ་རྐུ་འཁྱེར་བྱེད་མཁན་གྱི་ཉེས་མིང་འོག་ཏུ་ཁྲིམས་ལ་གཏུག་རྒྱུ། ཁེ་ན་ཌའི་ཚོང་པ་མེཀ་སི་པེ་ཊི་ཝོར་ལའང་ནག་ཉེས་འདྲ་མཚུངས་ཤིག་བཙུགས་ཏེ་རྒྱ་ནག་གི་ལེའོ་ཉིན་ཞིང་ཆེན་གྱི་ཏཱན་ཏུང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཕྱིའི་རྒྱལ་ཁབ་ཀྱི་གསང་ཉུལ་བ་དང་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་གི་གསང་བ་ཕྱིར་སྤྲོད་བྱེད་མཁན་གྱི་ཉེས་མིང་འོག་ཏུ་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་བསྒྲགས་འདུག

རྒྱ་གཞུང་གིས་དངོས་སུ་ཁྲིམས་སྦྱོར་བྱ་རྒྱུའི་ཟླ་ཚེས་སོགས་གསལ་བསྒྲགས་བྱས་མེད་ཅིང་། ད་ལྟའི་བར་དུ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་གོང་འཁོད་ཁེ་ན་ཌའི་སྤྱི་དམངས་འདི་གཉིས་འཛིན་བཟུང་བྱས་པ་ནི་ཁེ་ན་ཌའི་གཞུང་གིས་ཨ་རིའི་མངགས་བཀོད་ལྟར་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བཀག་ཉར་བྱས་ཡོད་པར་ཡ་ལན་སློག་པ་ཞིག་རེད་ཅེས་དབྱེ་ཞིབ་པ་མང་པོས་དཔྱད་བརྗོད་སྤེལ་འདུག སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་ཁྲིམས་འཛིན་མཉམ་འབྲེལ་གྱི་དགོས་འདུན་ལྟར་ཁེ་ན་ཌའི་གཞུང་གིས་ཝྭན་ཁུ་ཝྭར་གྲོང་ཁྱེར་གྱི་གནམ་ཐང་དུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་གཙོ་འཛིན་གཞོན་པ་དང་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་གཅིག་ལྕོགས་མེན་ཝན་ཀྲུག་འཛིན་བཟུང་བྱས་ནས་ཉིན་དགུ་འགོར་པའི་གཞུག་སྟེ། ལོ་དེའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུའི་ཉིན་རྒྱ་ནག་གཞུང་གིས་དེ་རིང་ཁྲིམས་སྦྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་ཁེ་ན་ཌའི་སྤྱི་དམངས་གཉིས་འཛིན་བཟུང་བྱས་ཡོད་པ་རེད།

ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་དེ་དག་མེན་ཝན་ཀྲུག་གི་ཚབ་ལ་གཏའ་མར་འཛིན་བཟུང་བྱས་པ་ཞིག་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ཁེ་ན་ཌའི་གཞུང་གིས་ཀྱང་དེ་ལྟར་ཡིན་པའི་སྐྱོན་འཛུགས་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ལ་ཁས་ལེན་བྱས་མེད་ཅིང་། ད་ཐེངས་ཀྱི་ཐག་གཅོད་འདི་ཡང་ཉེ་ཆར་སྤྱི་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ཁེ་ན་ཌའི་ཁྲིམས་ཁང་གིས་མེན་ཝན་ཀྲུག་ཨ་མི་རི་ཀར་རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་རྣམས་ཚང་གི་འདུག་ཅེས་ཐག་གཅོད་བྱས་པར་རྒྱ་ནག་གིས་ཡ་ལན་སློག་པའི་ཆེད་དུ་རེད་ཅེས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁེ་ན་ཌའི་ཁྲིམས་ཁང་གིས་ཐག་གཅོད་དེ་འདྲ་ཞིག་བྱས་པར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་རྒོལ་གཏམ་བཏང་ཡོད་པ་སྟེ། ཁྱེད་ཚོའི་ཐག་གཅོད་ནི་ཨ་རི་ལ་རྒྱབ་སྐྱོབ་བྱས་ཏེ་ཧྭ་ཝེ་བཟོ་ཚོང་ཁང་ལ་གནོན་ཤུགས་སྤྲོད་བཞིན་པ་ཞིག་རེད། ཁེ་ན་ཌའི་གཞུང་གིས་མེན་ཝན་ཀྲུག་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་དགོས་འདུན་བཏོན།

རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་དེ་དག་དངོས་སུ་ཁྲིམས་ལ་སྦྱོར་རྒྱུའི་ཐག་གཅོད་བྱས་པ་ནི་ཏག་ཏག་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱ་དགོས་པའི་ཐག་གཅོད་བྱུང་བའི་སྐབས་ལ་ཁེལ་འདུག ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་མ་འོངས་པར་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱ་ནག་གི་གསང་བའི་ལས་ཁུངས་འཛུགས་ཆོག་པ་དང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་ལ་འགོལ་འཛོལ་བྱེད་ཀྱི་འདུག་ཅེས་ཉེས་མིང་འདྲ་མིན་ཞིག་བཏགས་ནས་རྒྱ་ནག་ལ་ལྐོག་ཏུ་བཙན་ཁྲིད་བྱས་ནས་ཁྲིམས་གཅོད་བྱ་སྲིད་པའི་དོགས་པ་དང་སེམས་འཚབ་བྱེད་བཞིན་ཡོད་པར་མ་ཟད། ཁེ་ན་ཌའི་གཞུང་གིས་ཀྱང་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་མཐུན་ཚོགས་ཐོག་ཏུ་རྒྱ་ནག་གིས་ཧོང་ཀོང་ལ་ཁྲིམས་ལུགས་དེ་ལག་བསྟར་མི་བྱ་རྒྱུའི་འབོད་སྐུལ་ཞུས་འདུག

XS
SM
MD
LG