ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

རྒྱ་ནག་གཞུང་གིས་དཀར་མཛེས་ས་ཁུལ་དུ་བོད་ཡིག་སློབ་ཁྲིད་མེད་པར་བཟོ་རྒྱུ་ཡིན་པའི་བཀའ་ཁྱབ།


དེངས་སྐབས་བོད་ནང་རྒྱ་གཞུང་གི་དབྱེ་བའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོངས་ཁུལ་མངའ་ཁོངས་སུ་ཕྱི་ལོ་ཉིས་སྟོང་༢༤་ནས་བཟུང་བོད་སྐད་ཡིག་སློབ་ཁྲིད་མེད་བཟོ་རྒྱུ་ཡིན་པ་རྒྱ་གཞུང་གི་བཀའ་ཁྱབ་བཏང་ཡོད་པའི་སྐོར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་ད་ལོར་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་གི་བརྡ་ཁྱབ་ཞིག་བཏང་སྟེ་དཀར་མཛེས་ཁུལ་མངའ་ཁོངས་སུ་བོད་སྐད་ཡིག་སློབ་ཁྲིད་བྱས་མི་ཆོག་པའི་བརྡ་ཁྱབ་ཞིག་བཏང་ཡོད་པ་དང་རྗེས་སུ་ཕྱི་ཟླ་༩་བའི་ནང་སློབ་འགོ་གསར་བ་འཛུགས་པའི་སྐབས་སུ་དཀར་མཛེས་ཁུལ་གྱི་སློབ་གསོ་ལས་ཁུངས་ཟེར་བ་ཞིག་ནས་སློབ་གྲ་སོ་སོ་ལ་བརྡ་ཁྱབ་བཏང་སྟེ་ཕྱི་ལོ་ཉིས་སྟོང་༢༤་ནས་བཟུང་དཀར་མཛེས་བོད་རིགས་རང་སྐྱོངས་ཁུལ་གྱི་སློབ་གྲ་ཆུང་འབྲིང་ཚང་མའི་ནང་བོད་ཡིག་སློབ་ཁྲིད་བྱས་མི་ཆོག་ཟེར།སྦྱིར་ན་དེ་སྔ་ཡིན་ན་སློབ་ཚན་མང་པོ་ཞིག་རྒྱའི་སྐད་ཡིག་ནང་སློབ་ཁྲིད་བྱེད་ཀྱིན་ཡོད་ཀྱང་བོད་སྐད་ཡིག་ཀྱང་སློབ་ཚན་གྱི་གྲས་སུ་བཞག་ནས་ཉིན་རེར་སློབ་ཐུན་གཅིག་རེར་བོད་སྐད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད་མོད་།ལོ་རྗེས་མ་ནས་བཟུང་བོད་ཡིག་གཏན་ནས་སློབ་ཁྲིད་བྱས་མི་ཆོག་པ་མ་ཟད་ཚང་མ་རྒྱའི་སྐད་ཡིག་ནང་ཁོ་ནར་སློབ་ཁྲིད་བྱེད་དགོས་།དེར་བརྟེན་རྒྱ་ནག་གཞུང་གིས་བཀའ་ཁྱབ་དང་བཙན་དབང་གིས་ལོ་རྗེས་མ་ནས་བཟུང་དཀར་མཛེས་ཕྱོགས་སུ་བོད་རང་གི་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པ་དེ་རེད།དེར་བརྟེན་དཀར་མཛེས་ས་ཁུལ་ལ་མཚོན་ན་བོད་རིགས་རང་སྐྱོངས་ཁུལ་ཡིན་པ་གང་ཞིག་ལ་བོད་མི་རིགས་གྲངས་འབོར་ཆེན་ཡོད་ས་ཞིག་ཡིན་པ་རེད་མོད་ད་ནི་བོད་སྐད་ཡིག་མེད་པར་བཟོས་དེ་རྒྱ་བསྒྱུར་སློབ་གསོའི་ལས་གཞི་ལག་བསྟར་བྱེད་འཆར་རེད་འདུག

བོད་མི་མང་ཚོགས་ལ་མཚོན་ན་རང་ས་རང་ཡུལ་དུ་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མ་བཅུག་པ་ནི་བཟོད་ཐབས་བྲལ་བའི་བཙན་དབང་ཁོ་ན་ཞིག་རེད་ཅེས་བརྗོད་སོང་།དེ་དང་ཆབ་ཅིག་རྒྱ་ནག་གཞུང་གིས་བོད་ནང་ཆ་བགོས་བྱས་བའི་ཀན་སུའུ་དང་མཚོ་སྔོན་།ཡུན་ནན་བདེ་ཆེན་དང་།བོད་ལྗོངས་ལྷ་ས་བཅས་སུ་ཡང་རིམ་བཞིན་སློབ་གྲ་ཁག་གི་ནང་བོད་སྐད་ཡིག་སློབ་ཁྲིད་མེད་པར་བཟོ་འཆར་ཡོད་པའི་རྒྱ་ནག་གི་སྲིད་ཇུས་སྤེལ་འགོ་ཚུགས་ཡོད་པ་མ་ཟད་།མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོངས་ཁུལ་དུ་རྒྱའི་སྐད་ཡིག་ཁོ་ན་སློབ་ཁྲིད་བྱེད་སའི་སློབ་གྲ་ཡོད་འདུག་པ་མ་ཟད་བོད་རིགས་ཁྱིམ་བདག་ཚོའི་ངོས་ནས་བྱིས་པ་སློབ་ལོ་རན་པ་དང་བྱིས་པ་རྒྱའི་སྐད་ཡིག་ཁོ་ན་སློབ་ཁྲིད་བྱེད་སའི་སློབ་གྲ་དེར་མི་གཏོང་ག་མེད་ཡིན་འདུག་ལ་དམིག་གསལ་སློབ་གྲ་གཞན་ཁག་གི་ནང་དུའང་བོད་སྐད་ཡིག་སློབ་ཁྲིད་མིང་ཙམ་ལས་སློབ་ཚན་གཞན་པ་ཚང་མ་རྒྱའི་སྐད་ཡིག་ནང་སློབ་ཁྲིད་བྱེད་ཀྱིན་ཡོད་སྟབས་བོད་རིགས་བྱིས་པ་སློབ་གྲར་འགྲིམས་མཁན་ཚོའི་རང་གི་ཕ་སྐད་ལས་རྒྱའི་སྐད་ཡིག་བཤད་རྒྱུར་གོམ་འདྲིས་སུ་སོང་ཡོད་པ་མ་ཟད་བོད་རིགས་སློབ་ཕྲུག་ཚོའི་ཕན་ཚུན་ཁ་བརྡ་སོགས་བྱས་བ་ཡིན་ནའང་རྒྱའི་སྐད་ཡིག་བེད་སྤྱོང་གཏོང་རྒྱུར་གོམ་འདྲིས་སུ་སོང་ཡོད་པ་རེད་འདུག

དམིག་གསལ་ཕྱི་ལོ་ཉིས་སྟོང་༢༡་ལོར་རྒྱ་ནག་གཞུང་གིས་བོད་ནང་གི་འགོ་ལོག་ས་ཁུལ་དུ་བོད་ཡིག་སློབ་ཁྲིད་བྱེད་སའི་སྒེར་གཉེར་སློབ་གྲ་ཁག་༧་དུས་གཅིག་ལ་བཙན་གྱིས་སྒོ་བརྒྱག་བཅུག་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད་བོད་རིགས་ཤེས་ཡོན་པ་དང་སློབ་གསོ་སྡེ་ཁག་གི་མི་རྣམས་ལ་བཙན་དབང་འདྲི་རྩད་དང་འཛིན་བཟུང་བཙོན་འཇུག་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་པ་རེད་འདུག

XS
SM
MD
LG