ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་ཆབ་མདོ་ཁུལ་གྱི་བོད་པ་སློབ་ཕྲུག་གསུམ་འཛིན་བཟུང་།


༄༅།། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ཁུལ། སྨར་ཁམས་སྤོ་མདའ་ས་གནས་ཀྱི་བོད་པའི་སློབ་ཕྲུག་གསུམ་འཛིན་བཟུང་བྱས་ནས་ཟླ་བ་༤་ལྷག་འགྲོ་བཞིན་ཡོད་ཀྱང་གློད་གྲོལ་བཏང་མེད་ཅིང་། ཕྱི་ཟླ་༣་པའི་ཚེས་༡༦་ཉིན་འདི་གའི་གསར་འགོད་པར་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༡༠་པར་བོད་རང་སྐྱོང་ལྗོངས་ཆབ་མདོ་ཁུལ། སྨར་ཁམས་སྤོམ་མདའ་སྡེ་པའི་དམའ་འབྲིང་སློབ་གྲྭ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་དཔལ་སངས་དང་གསར་མོ། གཡང་སྐྱིད་ཟེར་བ་བཅས་སློབ་ཕྲུག་གསུམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ཟླ་བ་བཞི་ལྷག་འགོར་ཟིན་ཡོད་ཀྱང་གློད་གྲོལ་བཏང་མེད་པ་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་བོད་ས་ཁག་ཏུ་རྒྱ་བསྒྱུར་གྱི་སློབ་གསོ་སྤེལ་བར་སློབ་ཕྲུག་དེ་དག་གིས་ངོ་རྒོལ་བྱས་སོང་ཞེས་ལན་ཁག་དཀྲིས་ནས་བཀག་ཉར་བྱས་པ་རེད། བྱིས་པ་དེ་དག་ལ་དོན་དངོས་ཀྱི་ནག་ཉེས་དང་ནོར་འཁྲུལ་གང་ཡང་བྱུང་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། སློབ་ཕྲུག་དེ་དག་ནི་ལོ་༡༥་ནས་༡༦་ཙམ་ལས་མིན་ཞིང་། ཁོ་ཚོ་འཛིན་བཟུང་བྱེད་དགོས་དོན་དེ་༢༠༢༡་ལོའི་ཕྱི་ཟླ་༩་པ་ནས་ཆབ་མདོ་དང་སྨར་ཁམས་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་རྒྱ་ཡིག་སློབ་ཁྲིད་ལག་བསྟར་བྱེད་ཤུགས་ཆེ་རུ་སོང་། སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་རྒྱུའི་སྔོན་འགྲོའི་སློབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་ཕྲུག་ཚོར་རྒྱ་ཡིག་འབྲི་ཀློག་སྐྱོར་གསུམ་བྱེད་དུ་བཅུག ལྷག་པར་དུ་རྒྱ་སྐད་དུ་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས་པའི་བསམ་བློའི་སློབ་གསོ་བཏང་བར་བོད་པའི་སློབ་ཕྲུག་ཚོས་བོད་ཡིག་སློབ་ཁྲིད་མེད་ན་སྐྱིད་པོ་མི་འདུག རྒྱ་ཡིག་སློབ་དགོས་ན་དཀའ་ངལ་འདུག་ཅེས་ངུ་སྐད་ཤོར་བར་རྒྱ་གཞུང་གིས་སློབ་ཕྲུག་དེ་ཚོར་སེམས་ཁམས་སློབ་གསོ་གཏོང་དགོས་ཞེས་བཙན་ཁྲིད་བྱས་འདུག ད་ལོ་སློབ་མགོ་ཚུགས་མ་ཐག་ཏུ་རྒྱ་བསྒྱུར་སློབ་གསོའི་སློབ་ཚན་དང་བསམ་བློའི་སློབ་གསོ་མང་དུ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་དམག་མི་སོགས་སློབ་གྲྭར་ཡོང་སྟེ་རྟོག་ཞིབ། ཞིས་ཅིན་ཕེང་གི་དགོངས་པ་སོགས་སློབ་གསོ་སྤྲོད་ཀྱི་ཡོད་འདུག བྱིས་པའི་ཁྱིམ་བདག་ཚོས་རྒྱ་ནག་གཞུང་གི་བཀོད་སྒྲིག་ལ་བརྩི་འཇོག་མི་བྱེད་ཐབས་མེད་རེད། བྱིས་པ་ཚོས་ཀྱང་རྒྱ་སྐད་སྦྱངས་ནས་སློབ་སྦྱོང་བྱེད་དགོས་ཀྱི་འདུག འདི་ནི་ཆབ་མདོ་ཁུལ་གྱི་སྨར་ཁམས་ཕྱོགས་ཁོ་ན་མིན་པར་ས་ཁུལ་ཡོངས་སུ་རྒྱ་བསྒྱུར་སློབ་གསོ་ལག་བསྟར་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

སྔ་ལོ་མཚོ་སྔོན་དང་སི་ཁྲོན་ཁོངས་གཏོགས་ཀྱི་སྒེར་གཉེར་བོད་ཡིག་སློབ་གྲྭ་ཁག་རྒྱ་ནག་གཞུང་ནས་བཙན་གྱིས་སྒོ་བརྒྱབ། དགེ་སློབ་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན། ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པའི་ཁུལ་དང་རྫོང་གི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཕལ་ཆེ་བ་བོད་པ་ཡིན་རུང་སློབ་ཚན་ནང་དུ་བོད་ཡིག་ནི་མིང་ཙམ་ལས་མེད་པར་གྱུར། སློབ་ཚན་ཚང་མ་རྒྱ་ཡིག་ཏུ་ཁྲིད་ཀྱི་ཡོད་པས་སློབ་ཕྲུག་གི་ཕ་མ་མང་པོས་དེ་ལ་འདོད་མོས་བྱེད་ཀྱི་མེད་ཀྱང་རྒྱ་གཞུང་གིས་བཙན་དབང་བྱས་ནས་བྱ་ཐབས་མེད་པར་གྱུར་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG