ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ཨ་རིའི་གསར་འགྱུར་ལས་ཁང་བཞི་ལ་དམ་བསྒྲགས། 


རྒྱ་ནག་ཕྱི་སྲིད་ལས་ཁང་གི་མདུན་དུ།
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མདུན་དུ།

༄༅།། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་མཉམ་འབྲེལ་གསར་ཁང་དང་རྒྱལ་སྤྱིའི་མཉམ་འབྲེལ་གསར་ཁང་། སི་བྷི་ཨེ་སི་གསར་འགྱུར་ལས་ཁང་དང་རྒྱལ་ཡོངས་སྤྱི་དམངས་རླུང་འཕྲིན་ཁང་བཅས་ལ་རྒྱ་ནག་གི་ས་ཐོག་ཏུ་གསར་འགོད་པ་དང་ས་ཁང་སོགས་མཁར་དངོས་ཅི་ཙམ་ཡོད་མེད། གསར་འགྱུར་ལས་ཁང་དེ་དག་གི་དངུལ་སྒོར་གྱི་ཡོང་ཁུངས་སོགས་རྒྱ་ནག་གཞུང་ལ་གསལ་བཀྲོལ་བྱ་དགོས། གོང་འཁོད་ཨ་རིའི་གསར་འགྱུར་ལས་ཁང་དེ་དག་གིས་ཉི་མ་བདུན་གྱི་ནང་ཚུད་དུ་དགོས་ངེས་ཀྱི་ཡིག་ཆ་ཞིབ་ཕྲ་རྣམས་རྒྱ་ནག་གཞུང་ལ་འཕྲོད་ཐབས་བྱ་དགོས། ཨ་རིའི་གཞུང་གིས་རང་གི་ས་ཐོག་ཏུ་ཡོད་པའི་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་གནས་ལུགས་དང་མི་མཐུན་པའི་དམ་བསྒྲགས་བྱེད་ཀྱི་ཡོད་པས་རྒྱ་ནག་གིས་ཨ་མི་རི་ཀར་རྒོལ་ལན་མི་སློག་ཐབས་མེད་རེད། ང་ཚོས་ལག་བསྟར་འདི་འདྲ་ཞིག་བྱེད་ཀྱི་ཡོད་པ་ནི་རང་སྲུང་འབའ་ཞིག་གི་ཆེད་དུ་ཡིན་ཞེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་ལྷན་ཚོགས་ཐོག་ཏུ་བསྒྲགས་འདུག

བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་དང་མི་དམངས་ཉིན་རེའི་ཚགས་པར། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་དང་རྒྱ་ནག་གསར་འགྱུར་ལས་ཁང་རྣམས་ཕྱིའི་རྒྱལ་ཁབ་ཅིག་གི་གཞུང་ཚབ་བམ། ཡང་ན་དོན་གཅོད་ཁང་གི་ངོ་བོར་ངོས་འཛིན་བྱས་ནས་རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་ལ་ཨ་རིའི་ས་ཐོག་ཏུ་གསར་འགོད་པ་ཅི་ཙམ་ཡོད་མེད་དང་དཔལ་འབྱོར་གྱི་ཡོང་ཁུངས་སོགས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱ་དགོས་པའི་ཐག་བཅད། དེའི་སྔོན་ལ་ཨ་རིའི་གཞུང་གིས་ཞིན་ཧྭ་གསར་འགྱུར་ལས་ཁང་དང་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་དྲྭ་ལས་ཁང་། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་དང་རྒྱ་ནག་ཉིན་རེའི་ཚགས་པར། ཨ་རིར་བཅའ་སྡོད་རྒྱ་ནག་གི་ཧེ་ཐེན་འཛུགས་སྐྲུན་ཁང་རྣམས་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་ངོ་བོར་བརྩིས་ནས་ཐོ་འགོད་བྱེད་དུ་བཅུག་ཡོད་པ་སྟེ། ཨ་རིའི་གཞུང་གིས་རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་གི་གསར་འགོད་པ་རྣམས་རྒྱ་ནག་གི་གསང་ཉུལ་ཡིན་པ་ལས་གསར་འགོད་པ་མ་རེད། རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་རྒྱ་ནག་གི་སོ་པའི་ལས་ཁུངས་ཡིན་པ་ལས་གསར་འགྱུར་ལས་ཁང་མ་རེད་ཅེས་ནག་ཉེས་བཙུགས། ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གསར་འགྱུར་ལས་ཁང་བཞི་ཨ་རིའི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པ་དང་རྒྱ་ནག་གི་ས་ཐོག་ཏུ་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་འདུག་ཅེས་ནག་ཉེས་བཙུགས་མེད་པ་རེད།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཨ་མི་རི་ཀས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་ནི་གྲང་དམག་འཁོན་འཛིང་དུས་ཀྱི་བསམ་བློའི་ལྟ་བར་གཞི་འཛིན་བྱས་པ་ཞིག་རེད། ཁོ་ཚོས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གི་མཚན་སྙན་ལ་མིང་ཤས་ཆེན་པོ་ཞིག་བཟོས་སོང་། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཨ་རིའི་ས་ཐོག་ཏུ་སྤྱི་མཚུངས་ལྟར་གསར་འགྱུར་ཁྱབ་སྤེལ་གྱི་ལས་དོན་སྒྲུབ་ཕྱོགས་ལ་བར་ཆད་ཆེན་པོ་བཏང་སོང་ཞེས་བཤད། འོན་ཀྱང་ཀྲའོ་ལི་ཅན་གྱིས་ཨ་མི་རི་ཀས་རྒྱ་ནག་གི་གསར་འགོད་པ་ཚོར་དམ་བསྒྲགས་བྱ་དགོས་པའི་འབྱུང་རྩ་རྒྱ་ནག་ལ་ཐུག་ཡོད་པ་གསལ་པོར་བཤད་མེད་ཅིང་། ད་ལོའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར། ཝོལ་སི་ཊི་རི་ཊི་ནོར་སྲིད་ཚགས་པར་གྱི་གསར་འགོད་པ་ཚོར་རྒྱ་ནག་གི་ས་ཐོག་ཏུ་ཆེད་ལས་རྒྱུན་འཁྱོངས་བྱེད་ཆོག་པའི་ཐོངས་མཆན་མ་སྤྲད་པར་ཕྱིར་ཕུད་བྱས་ཤིང་། དེ་ནས་ཨ་རིའི་གཞུང་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གི་གསར་འགོད་པའི་གྲངས་འབོར་ཉུང་དུ་བཏང་སྟེ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལན་པ་སློག་རེས་བྱ་རྒྱུ་འགོ་ཚུགས།།

ཨ་རིའི་གཞུང་གིས་རང་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་དེ་དག་གི་གསར་འགོད་པ་ཉུང་དུ་བཏང་བའི་རྗེས་སུ་རྒྱ་ནག་གིས་སླར་ཡང་ཨ་རིའི་ནེའུ་ཡོག་དུས་བབ་དང་ཊེམ་དུས་དེབ། ཝོལ་སི་ཊི་རི་ཊི་ནོར་སྲིད་ཚགས་པར། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་བཅས་ཀྱི་གསར་འགོད་པ་བཅུ་ཕྲག་འགའ་ཞིག་རྒྱ་ནག་ནས་བསྐྲད། ད་དུང་རྒྱ་ནག་གཞུང་གིས་ཨ་རིའི་རླུང་འཕྲིན་དང་ཊེམ་དུས་དེབ་སོགས་ལ་རྒྱ་ནག་གི་ས་ཐོག་ཏུ་ལས་བྱེད་པ་དང་ས་ཁང་སོགས་མཁར་དངོས་ཅི་ཙམ་ཡོད་མེད། ཨ་རིའི་གསར་འགྱུར་ལས་ཁང་དེ་དག་གི་དངུལ་སྒོར་གྱི་ཡོང་ཁུངས་རྣམས་རྒྱ་ནག་གཞུང་ལ་ཞིབ་ཕྲ་ཞིག་ཐོ་འགོད་བྱ་དགོས་ཞེས་བཀའ་བཏང་ཡོད་པར་མ་ཟད། རྒྱ་ནག་གི་ས་ཐོག་ཏུ་བཅའ་སྡོད་ཨ་རིའི་གསར་འགྱུར་ལས་ཁང་ཁག་ལ་རྒྱ་ནག་གི་སྤྱི་དམངས་ཚོས་སྐད་སྒྱུར་དང་གསར་འགྱུར་མཁོ་སྤྲོད། གསར་འགྱུར་ཁྱབ་སྤེལ་གྱི་ལས་དོན་སྒྲུབ་རོགས་བྱེད་མི་ཆོག་ཅེས་བཀག ཀྲའོ་ལི་ཅན་གྱིས་ཨ་མི་རི་ཀས་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། ཨ་མི་རི་ཀས་ཕྱིན་ཅི་ལོག་པའི་གསར་འགོད་རང་དབང་གི་རྩ་དོན་ཟེར་བ་ཞེས་འུར་སྒྲོགས་བྱེད་ཀྱི་ཡོད་པ་ར་འཕྲོད་ཐུབ། རྒྱ་ནག་གིས་ཨ་མི་རི་ཀར་རང་གི་ནོར་འཁྲུལ་དེ་ཚོར་ཡོ་བསྲང་བྱ་དགོས་པ་དང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ལ་གནས་ལུགས་དང་མི་མཐུན་པའི་དམ་བསྒྲགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་ཀྲའོ་ཡི་ཅན་གྱིས་རྒྱ་ནག་ལ་གསར་འགོད་རང་དབང་གཏན་ནས་མེད་པར་གླེང་སློང་དང་རྒྱ་ནག་གི་གསར་འགོད་པ་ཚོ་གུང་ཁྲན་ཏང་གི་གསང་ཉུལ་མིན་པའི་སྒྲུབ་བྱེད་གང་ཡང་བཀོད་མེད་པ་རེད།།

ཕྱི་ཟླ་༦་པའི་ཚེས་༢༢་ཉིན་ཨ་རིའི་གཞུང་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་༩་ལ་ལས་བྱེད་པ་དང་ས་ཁང་སོགས་མཁར་དངོས་ཅི་ཙམ་ཡོད་མེད་རྣམས་ཐོ་འགོད་གསལ་པོ་ཞིག་བྱ་དགོས། རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་གིས་ཨ་རིའི་ས་ཐོག་ཏུ་གསར་འགྱུར་ཁྱབ་སྤེལ་གྱི་ལས་དོན་སྒྲུབ་ཕྱོགས་ལ་དམ་བསྒྲགས་མེད་ཅེས་ཐག་བཅད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་ཚོང་དམག་བརྒྱབ་པ་དང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ཏོག་དབྱིབས་ནད་དུག་ཁྱབ་གདལ། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་བཅས་ཀྱིས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཧ་ཅང་སྡུག་ཏུ་བཏང་འདུག ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དངོས་སུ་གཏན་ལ་ཕབ། ཨ་མི་རི་ཀས་འགོ་ཁྲིད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་གཏན་འབེབས་བྱས་པའི་བཅའ་ཁྲིམས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པས་རྒྱ་ནག་དང་ཨ་རིའི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་། ཕྱི་ཟླ་༦་པའི་ཚེས་༣༠་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གཞུང་གིས་རང་ཡུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་ཤིང་། ད་ལྟ་འཛམ་གླིང་ཡོངས་སུ་མི་འབུམ་ཕྲག་མང་པོར་འཆི་སྐྱོན་དང་མི་ས་ཡ་བཅུ་ལྷག་ལ་ནད་མནར་བྱུང་ཡོད་པ་འདིར་བསམ་བློ་བཏང་ན་རྒྱ་ནག་གི་ཐོག་ཏུ་ཁོང་ཁྲོ་གནོན་ཐབས་མི་འདུག་ཅེས་ཚོགས་གཏམ་བཏང་འདུག

རྒྱ་ནག་གཞུང་གིས་ཨ་མི་རི་ཀས་སྐྱོན་འཛུགས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པར་རྒྱུ་མཚན་ཅི་ཡང་མི་འདུག འདི་ནི་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་སྔོན་འགོག་བྱ་རྒྱུ་འཐུས་ཤོར་བཏང་སྟེ་ཨ་རི་བ་འབུམ་གཅིག་དང་ཁྲི་ཚོ་གཉིས་ལྷག་ལ་འཆི་སྐྱོན་དང་མི་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པར་རྒྱལ་ནང་དུ་སྐྱོན་བརྗོད་དྲག་པོ་འཕོག་གི་ཡོད་པའི་ཁ་ཕྱོགས་སྒྱུར་ཐབས་ཤིག་རེད་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པར་ཁུངས་ལུང་གཏན་ནས་མེད་པ་ཞིག་མིན་པ་སྟེ། ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་ཁ་རས་དང་སྨན་ཁང་གི་ཡོ་བྱད་རྣམས་ནང་འདྲེན་བྱེད་པར་དུས་ཡུན་ཉི་མ་༦་གི་རིང་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་རྦད་དེ་གསང་བ་བྱས་འདུག རྒྱ་ནག་ནང་ཁུལ་དུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཀྱང་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུའང་མི་ས་ཡ་མང་པོ་ཕྱི་རྒྱལ་ལ་འགྲོ་རུ་བཅུག་འདུག་ཅེས་སྙན་ཐོ་བཏོན།།

ད་ལྟ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་གསར་འགྱུར་ལས་ཁང་ཁག་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་གཅིག་པུ་མིན་ཞིང་། བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧོང་ཀོང་གི་རང་སྐྱོབ་ཐང་ལ་རྡོག་བརྫིས་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་འབྲེལ་ཡོད་འགོ་ཁྲིད་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་བཤད། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་ཀྱང་ཧོང་ཀོང་གི་ལས་དོན་ལ་ཐེ་གཏོགས་བྱེད་མཁན་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་ནག་ལ་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་བསྒྲགས། མདོར་ན་ད་ལྟའི་དུས་འདིར་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་ནི་སྣ་མང་ཅན་དང་རྣོ་ངར་ཆེ་བ། ལྷག་པར་དུ་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ཀྱི་ལོ་འདིར་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གཉིས་ཀས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་བཟུང་ནས་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཐབས་བྱེད་བཞིན་པ་ལྟར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཀྱང་ཨ་མི་རི་ཀར་བསྟུན་མཁས་དང་གུ་བཤངས་བྱ་རྒྱུའི་རྣམ་འགྱུར་གང་ཡང་སྟོན་གྱི་མེད་པ་རེད།།

XS
SM
MD
LG