ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་གར་གྱིས་བཟུང་བའི་རྒྱ་དམག་དེ་གློད་གྲོལ་གཏོང་དགོས་པའི་ནན་སྐུལ། 


༄༅།། ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་རྒྱ་གར་གྱི་དམག་གིས་བོད་དང་ལ་དྭགས་ཀྱི་ས་མཚམས་སུ་ཆགས་པའི་བདེ་མཆོག་ས་ཁུལ་གྱི་མཐའ་མཚམས་སུ་རྒྱ་ནག་གི་དམག་མི་ཝང་ཡ་ལུང་ཞེས་པ་ཞིག་འཛིན་བཟུང་བྱས་པ་ཡིན། ཁོ་པ་ཕྱོགས་གཉིས་ཀྱི་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་བརྒལ་ནས་ལ་དྭགས་ཀྱི་བདེ་མཆོག་ས་ཁུལ་གྱི་མངའ་ཁོངས་སུ་འཛུལ་འདུག ཝང་ཡ་ལུང་ལ་སྨན་བཅོས་དང་འཚོ་རླུང་བཏང་སྟེ་གྱོན་གོས་དྲོན་པོ་གཡོགས་ཡོད། ཁོ་པ་ས་མཐོའི་གནམ་གཤིས་ཧ་ཅང་གྲང་མོའི་ཁྲོད་དུ་འཁྱག་ཕྱིད་ཐེབས་གྲབས་སུ་གྱུར་འདུག རྒྱ་དམག་དེར་འགྲོ་ལུགས་ལྟར་འདྲི་གཅོད་བྱས་པའི་རྗེས་སུ་མྱུར་དུ་གློད་གྲོལ་གཏོང་རྒྱུ་ཡིན་ཞེས་བསྒྲགས། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཀྱང་རྒྱ་གར་གྱི་དམག་གིས་འཕྲལ་དུ་གསར་འགོད་གསལ་བསྒྲགས་སྤེལ་ནས་རྒྱ་དམག་ཅིག་འཛིན་བཟུང་བྱས་པ་དེས་ཕྱོགས་གཉིས་ཀྱི་མཐའ་མཚམས་སུ་ཛ་དྲག་ཡོད་པ་སྡུག་ཏུ་མི་གཏོང་བ། དཀྲོག་གཏམ་སོགས་ལ་རྒྱ་དཀར་ནག་གི་འབྲེལ་བར་འགལ་རྐྱེན་སློང་བའི་གོ་སྐབས་སྤྲད་མ་སོང་ཞེས་བསྔགས་བརྗོད་བྱས་ནས་རྒྱ་ནག་གི་དམག་མི་ཞིག་རྒྱ་གར་གྱིས་འཛིན་བཟུང་བྱས་པ་དེའི་གནད་འགག་ཆུང་དུ་བཏང་སྟེ་འཁྲུག་རྩོད་ལ་སྔོན་འགོག་བྱ་ཐབས་བྱེད་བཞིན་འདུག

དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཝང་ཡ་ལུང་དུས་ཐོག་ཏུ་གློད་གྲོལ་གཏོང་དགོས་ཞེས་ནན་སྐུལ་བྱས་འདུག རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཞིས་ཅིན་གྱིས་མི་དམངས་བཅིངས་འགྲོལ་དམག་ཅིག་རྒྱ་གར་གྱིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མོད། འོན་ཀྱང་རྒྱ་ནག་གི་དམག་མི་དེ་ལམ་ཁ་ནོར་ནས་རྒྱ་གར་གྱི་འཛིན་བཟུང་བྱས་པ་ཡིན་སྲིད། རྒྱ་དཀར་ནག་གཉིས་ཀས་གནད་དོན་དེ་ཐག་གཅོད་བྱེད་པར་གྲོས་སྡུར་བྱེད་ཀྱི་ཡོད་པ་དང་ལྡི་ལི་གསར་པའི་ཕྱོགས་ནས་རྣམ་འགྱུར་བཟང་པོ་ཞིག་སྟོན་གྱི་འདུག རྒྱ་ནག་གི་དམག་མི་ཞིག་འཛིན་བཟུང་བྱས་པ་དེས་རྒྱ་དཀར་ནག་གི་ས་མཚམས་ཀྱི་ཛ་དྲག་བསྐྱར་དུ་སློང་རྒྱུའི་རྟགས་མཚན་བྲལ། གལ་སྲིད་གནད་དོན་འདི་ཞི་འཇམ་གྱི་སྒོ་ནས་ཐག་གཅོད་བྱེད་ཐུབ་ན་ཉེ་དུས་ཕྱོགས་གཉིས་ཀས་གྲོས་མོལ་བྱས་པ་དེར་གྲུབ་འབྲས་ཤིག་འཐོན་གྱི་ཡོད་པའི་རྟགས་མཚན་རེད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། རྒྱ་ནག་གི་དམག་དོན་མི་སྣ་ཚོས་ཀྱང་ང་ཚོའི་དམག་མི་ཞིག་ལམ་ཁ་ནོར་ནས་རྒྱ་གར་ཕྱོགས་སུ་ཕྱིན་འདུག རྒྱ་གར་གྱི་སྔོན་མའི་ལམ་སྲོལ་ལྟར་རྒྱ་ནག་གི་དམག་མི་དེ་ཆུ་ཤུལ་དང་མོལ་མདོའི་ས་མཚམས་སུ་རྩིས་སྤྲོད་བྱེད་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་གཟའ་ཉི་མའི་ཕྱི་དྲོར་ཝང་ཡ་ལུང་གིས་མཐའ་མཚམས་ཀྱི་འབྲོག་པ་ཚོར་ཕྱུགས་ཟོག་འདེད་རོགས་བྱས་ནས་ལམ་ཁ་བརླགས་པ་རེད་ཅེས་བཀྲལ།།

རྒྱ་ནག་གི་དམག་མི་ཞིག་རྒྱ་གར་གྱིས་འཛིན་བཟུང་བྱས་པ་ནི་ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༡༥་དགོང་མར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་གྷལ་ཝན་ལུང་གཤོང་དུ་ལག་འཛིང་ཐུག་སྟེ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་ནས་བཟུང་། རྒྱ་དཀར་ནག་གཉིས་ཀས་ཕན་ཚུན་དམག་མི་འཛིན་བཟུང་བྱས་པ་ཐེངས་གཉིས་པ་ཡིན་ཞིང་། ཕྱི་ཟླ་༦་པའི་ཚེས་༡༥་དགོང་མོའི་འཁྲུག་འཛིང་སྐབས་སུ་རྒྱ་ནག་གིས་རྒྱ་གར་གྱི་དམག་མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཀྱང་ཉིན་ཤས་རྗེས་སུ་གློད་གྲོལ་ཐོབ། ཟླ་བ་སྔོན་མར་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་དམངས་ལྔ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་གིས་འཛིན་བཟུང་བྱས་ནས་རྒྱ་མིའི་དམག་སྒར་དུ་ཁྲིད་ཀྱང་ཉིན་ཤས་གཞུག་ཏུ་མོན་པ་དེ་རྣམས་གློད་གྲོལ་བཏང་སྟེ་རྒྱ་གར་ལ་རྩིས་སྤྲོད་བྱས་འདུག རྒྱ་ནག་གི་ནུབ་ཕྱོགས་དམག་དོན་བཀོད་འདོམས་ཁང་གི་མགྲིན་ཚབ་པ་ཀྲང་ཧྲུའི་ལི་ཞེས་པ་ཞིག་གིས་ང་ཚོའི་མཐའ་མཚམས་སྲུང་དམག་ཅིག་ལམ་ཁ་ནོར་ནས་བརླག་འདུག་ཅེས་རྒྱ་གར་ལ་བརྡ་བཏང་བ་ཡིན། རྒྱ་གར་གྱིས་ཀྱང་དམག་མི་དེ་རྙེད་བྱུང་། ཁོ་པར་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཅུང་ཙམ་དྲག་སྐྱེད་བྱུང་བའི་རྗེས་སུ་འཕྲལ་དུ་ཕྱིར་སློག་བྱེད་ཆོག་ཅེས་བརྡ་ལན་འབྱོར་སོང་། རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཅིག་བརླག་པ་དེར་ཕྱོགས་གཉིས་ཀས་རྩད་གཅོད་བྱས་ནས་རྙེད་སོང་ཞེས་བཤད། རྒྱ་གར་གྱིས་ཀྱང་ཕྱོགས་གཉིས་ཀྱིས་དམག་མི་འཛིན་བཟུང་བྱས་པ་རྣམས་རྩིས་སྤྲོད་བྱ་དགོས་པའི་ལམ་སྲོལ་གཏན་འབེབས་བྱས་ཡོད་པ་ལྟར་ཝང་ཡ་ལུང་ཆུ་ཤུལ་དང་མོལ་མདོའི་ས་མཚམས་སུ་རྒྱ་ནག་གི་དམག་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།།

རྒྱ་ནག་གི་དམག་མི་ཝང་ཡ་ལུང་གི་གློ་ཁུག་ནང་ནས་དམག་དང་མི་མང་དཀྱུས་མ་གཉིས་ཀའི་ངོ་སྦྱོར་དཔང་ཡིག་རྙེད། རྒྱ་གར་གྱི་དམག་གིས་ཝང་ཡ་ལུང་རྒྱ་ནག་གི་དམག་དོན་གསང་ཉུལ་ཡིན་མིན་འདྲི་གཅོད་བྱ་རྒྱུ། ས་གནས་དེའི་རྒྱ་གར་བའི་དམག་དོན་མི་སྣ་ཚོས་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གི་མཐའ་མཚམས་སྲུང་དམག་རུ་ཁག་ཅིག་ལམ་ཁ་མ་ནོར་པར་མི་གཅིག་ལམ་ཁ་ནོར་ནས་རྒྱ་གར་ཕྱོགས་སུ་སིམ་འཛུལ་བྱས་པ་ནི་དོགས་པ་ལང་དགོས་པ་ཞིག་རེད་ཅེས་བཤད། ལ་དྭགས་ཀྱི་བདེ་མཆོག་ས་ཁུལ་ནི་རྒྱ་དཀར་ནག་གཉིས་ཀས་དམག་དོན་འཐབ་ཇུས་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་པ་སྟེ། རྒྱ་ནག་ལ་མཚོན་ན་བོད་རང་སྐྱོང་ལྗོངས་དང་ཞིན་ཅང་གི་བར་གྱི་རྒྱ་ལམ་ཨང་༢༡༩་པ་ནི་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་དགག་རྩ་ཞིག་ཡིན་ཞིང་། རྒྱ་ལམ་དེ་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་ལ་ཐག་ཉེ་ཡིན་པས་ལ་དྭགས་ཀྱི་བདེ་མཆོག་ས་ཁུལ་རྒྱ་གར་གྱི་དམག་ས་ཞིག་ཏུ་གྱུར་ཡོད་པར་རྒྱ་ནག་ལ་བློ་འཚབ་ཆེན་པོ་ཡོད་པར་མ་ཟད། རྒྱ་གར་གྱིས་ཀྱང་བདེ་མཆོག་ས་ཁུལ་གྱི་ས་མཚམས་ཁག་ཏུ་སོ་ཁང་བཙུགས་ནས་རྒྱ་དམག་གི་འགུལ་སྐྱོད་ལ་རྟོག་ཞིབ་བྱེད་ཐུབ། རྒྱ་གར་གྱི་དམག་དོན་མི་སྣ་ཟུར་པ་ཞིག་གིས་ས་མཚམས་སུ་འཐབ་འཁྲུག་ལངས་ན་བདེ་མཆོག་ས་ཁུལ་ནི་ཕྱོགས་གཉིས་ཀར་གལ་གནད་ཆེན་པོ་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད།།

༢༠༡༤་ལོར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་བདེ་མཆོག་ས་ཁུལ་དུ་རྒོལ་འཛིང་ཐུག་གྲབས་སུ་གྱུར། རྒྱ་གར་གྱི་དམག་གིས་ས་མཚམས་སུ་རྡོ་ར་བརྩིགས་པ་དང་རྒྱ་ནག་གི་དམག་གིས་རྡོ་ར་བཤིག སྐབས་དེའི་འཁྲུག་རྩོད་ནི་ཞིས་ཅིན་ཕིང་རྒྱ་གར་ལ་འཚམས་འདྲི་ཐེངས་དང་པོ་འབྱོར་བའི་དུས་སུ་བྱུང་ཡོད་པས་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱིས་གྲོས་མོལ་བྱས་ནས་འཁྲུག་རྩོད་མཚམས་ཆད། དེ་ནས་དུས་ཡུན་བདུན་ཕྲག་གསུམ་གྱི་རྗེས་སུ་ཕྱོགས་གཉིས་ཀའི་དམག་མི་རྣམས་བདེ་མཆོག་ས་ཁུལ་ནས་ཕྱིར་འཐེན་བྱས་འདུག དེ་ནས་བཟུང་སྟེ་རྒྱ་དཀར་ནག་གི་འབྲེལ་ཡོད་འགོ་ཁྲིད་ཚོས་ས་མཚམས་ཀྱི་གྲོས་མོལ་ཐེངས་༡༨་བྱས་ཀྱང་དེ་ལ་དམིགས་བསལ་གྱི་གྲུབ་འབྲས་གང་ཡང་མ་ཐོན། ད་ལོ་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ནས་མོན་ཡུལ་བར་དུ་ས་མཚམས་སྤྱི་ལེ་༣༤༨༨་ཡོད་པ་དེའི་མཐའ་མཚམས་ཁག་ཏུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་དང་མཐའ་མཚམས་སུ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ། ཟམ་པ་དང་གནམ་ཐང་སོགས་འཛུགས་སྐྲུན་བྱས་ནས་དམག་འཁྲུག་ལ་གྲ་སྒྲིག་དང་དམག་དོན་འཐབ་ཇུས་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན། ཐ་ན་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་གདོང་ཐུག་འབྱུང་གི་ཡོད་པའི་ས་མཚམས་ཁག་ནས་ཀྱང་ཕྱིར་འཐེན་བྱེད་ཐུབ་ཀྱི་མེད་པ། རྒྱ་གར་གྱིས་རང་གི་མཐའ་མཚམས་སྲུང་དམག་ལ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ནས་དགུན་ལྭ་དང་དགུན་ལྷམ། གངས་རིའི་ཐོག་ཏུ་ཕུབ་རྒྱུའི་གུར་དང་མལ་ཆས་སོགས་ཉོ་སྒྲུབ་བྱས་ནས་བཀྲམ། ད་དུང་ལ་དྭགས་ཀྱི་ས་མཚམས་ཁག་གི་རྒྱ་གར་བའི་དམག་ལ་ལྕགས་ཐབ་དང་འབུད་སྣུམ། སྨན་དང་བཟའ་བཏུང་སོགས་གནམ་གྲུའི་ནང་དུ་ཊོན་བརྒྱ་ཕྲག་མང་པོ་སྐྱེལ་འདྲེན་བྱས་པའི་རྗེས་སུ་རྒྱ་ནག་གིས་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་མཐའ་མཚམས་སྲུང་དམག་ལ་དགུན་ལྭ་སུམ་བརྩེགས་ཅན་དང་མལ་ཆས། དགུན་ལྷམ་དྲོན་པོ་རྣམས་བཀྲམ་ནས་དགུན་གྱི་དུས་སུ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་འདྲ་པར་དང་བརྙན་འཕྲིན་བཀྲམ་འདུག

XS
SM
MD
LG