ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༡༦

རྒྱ་ནག་གིས་ཁ་ཆེའི་ལྷ་ཁང་རྣམས་བཤིག་པ་དང་ངོ་བོ་བསྒྱུར་ནས་སྒོ་བརྒྱབ།


༄༅།། རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་གྱི་ནིང་ཞ་ཁུལ་གྱི་ཁ་ཆེའི་ལྷ་ཁང་རྣམས་གཏོར་བཤིག་བཏང་བ་དང་སྒོ་བརྒྱབ། ཁ་ཆེའི་ལྷ་ཁང་ཁག་ཅིག་དབུལ་ཕོངས་ཀྱི་འཚོ་བ་ཡར་རྒྱས་གཏོང་བར་ལྷམ་གོག་བཟོ་སའི་བཟོ་གྲྭར་བསྒྱུར་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་སྲ་བརྟན་གཏོང་བའི་སྲིད་ཇུས་ཟེར་བ་ཞིག་ལག་ལེན་བསྟར་ནས་ནིང་ཞ་ཁུལ་གྱི་ཁ་ཆེའི་ལྷ་ཁང་རྣམས་ཉུང་དུ་གཏོང་བའམ། ཡང་ན་ཁ་ཆེའི་ལྷ་ཁང་སྟེང་གི་རྒྱ་ཕིབས་བཀོག་པ་དང་ལྷ་ཁང་གཡས་གཡོན་གྱི་ལྕོག་མཁར་རྣམས་བཤིག་ནས་ལྷ་ཁང་ཡིན་པ་ངོས་མི་ཟིན་ཞིག་ཏུ་བསྒྱུར། ཁ་ཆེའི་ལྷ་ཁང་ནང་དུ་ཞིས་ཅིན་ཕིང་གི་འདྲ་པར་སྦྱར་ཏེ་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་འགལ་འཛོལ་དང་ཁ་ཆེའི་ཆོས་ལུགས་ལ་དམ་དྲག་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་སུ་འཁོད་པའི་ཆོས་དད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་སྙན་ཐོ་བཏོན་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལས་ཚབ་མ་ཡ་ཝང་གིས་པེ་ཅིང་གི་དབང་འཛིན་པ་ཚོས་ཁ་ཆེའི་ལྷ་ཁང་སྲ་བརྟན་གཏོང་བ་ཟེར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལྷ་ཁང་སྲ་བརྟན་མ་བཏང་བར་སྒོ་བརྒྱབ་པ་དང་གཏོར་བཤིག་གཏོང་བ། ཁ་ཆེའི་ལྷ་ཁང་ཁག་གི་བཀོལ་སྤྱོད་ལ་འགྱུར་བ་བཏང་སྟེ་ཁ་ཆེའི་ཆོས་ལུགས་ལ་དམ་དྲག་ནན་པོ་བྱེད་ཀྱི་འདུག་ཅེས་བསྟན། ༢༠༡༨་ལོའི་ཕྱི་ཟླ་༤་པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ལྷན་ཁང་གིས་ཁ་ཆེའི་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས། ཁ་ཆེའི་ཆོས་ལུགས་རྒྱ་ནག་གི་ཁྱད་ཆོས་ལྡན་པ་ཞིག་ཏུ་བསྒྱུར་དགོས་ཞེས་སྲིད་ཇུས་ཤིག་གཏན་ལ་ཕབ། སྲིད་ཇུས་དེར་ཁ་ཆེའི་ལྷ་ཁང་སྲ་བརྟན་གཏོང་བ་ཞེས་མིང་བཏགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཁ་ཆེའི་ལྷ་ཁང་འཛུགས་སྐྲུན་དང་ཞིག་གསོ་བྱེད་པའི་དུས་སུ་རྒྱ་ནག་གི་བཟོ་བཀོད་ཀྱི་རྣམ་པ་ལྡན་དགོས། ས་གནས་བྱེ་བྲག་པ་རེ་ཟུང་ལ་དམིགས་བསལ་ཡོད་ཀྱང་ཁ་ཆེའི་ལྷ་ཁང་གསར་པ་འཛུགས་སྐྲུན་བྱེད་མི་ཆོག ལྷ་ཁང་བཞེངས་པ་ལས་ཀྱང་མང་བ་བཤིག་དགོས་ཞེས་འཁོད།།

༢༠༡༦་ལོར་ཞིས་ཅིན་ཕིང་གིས་ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་དུ་བསྒྱུར་དགོས་པ་དང་སྲིད་གཞུང་གིས་ཆོས་ལུགས་ལ་སྟངས་འཛིན་བྱ་རྒྱུ། རྒྱ་ནག་མི་དམངས་ལ་དམར་ཤོག་ཚོགས་པ་ལས་ལྷག་པའི་གོང་བཀུར་བྱ་ཡུལ་ཞིག་མེད་པར་གཏོང་དགོས་པའི་ཐག་བཅད། དེང་སྐབས་ཨ་མི་རི་ཀར་གནས་འཁོད་ཧོས་རིགས་ཁ་ཆེ་མ་ཇུ་ཞེས་པ་ཞིག་གིས་རྒྱ་ནག་གཞུང་ནས་ཁ་ཆེའི་ལྷ་ཁང་གི་རྣམ་པ་དང་བཀོལ་སྤྱོད་བསྒྱུར་ནས་མི་མང་གི་ཆོས་དད་ཀྱི་བསམ་བློ་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱོགས་སུ་སྒྱུར་ཐབས་བྱེད་ཀྱི་འདུག ཐོག་མར་རྒྱ་ནག་གཞུང་གིས་ཁ་ཆེ་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་བསམ་བློའི་སློབ་གསོ་བཏང་ཞིང་། དེ་ནས་སློབ་ཕྲུག་དང་གཞུང་གི་ལས་བྱེད་པ་ཚོར་བསམ་བློའི་སློབ་གསོ་བཏང་སྟེ་ཆོས་ལུགས་དད་མོས་མཚམས་འཇོག་མ་བྱས་ཚེ། ཁོ་ཚོ་སློབ་གྲྭ་དང་ལས་ཁུངས་ཁག་ནས་ཕྱིར་ཕུད་བྱ་རྒྱུའི་སྡིགས་ར་བསྐུལ་བ་རེད་ཅེས་བཀྲལ། ཞིན་ཅང་གི་འཕྲོ་ནས་རྒྱ་ནག་གཞུང་གིས་ནིང་ཞ་ཁུལ་དུ་ཁ་ཆེའི་ཆོས་ལུགས་དང་མི་མང་ཆོས་དད་པ་ཚོར་གཉའ་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཨོ་གླིང་གི་འཐབ་ཇུས་ཞིབ་འཇུག་ཁང་གིས་བཏོན་པའི་ཡིག་ཆ་ཁག་ལུང་དྲངས་ནས་སྙན་ཐོ་བཏོན་པ་ལྟར་ན། རྒྱ་ནག་གཞུང་གིས་༢༠༡༧་ནས་ཀན་སུའུ་ཞིང་ཆེན་གྱི་ནིང་ཞ་ཁུལ་དུ་ཁ་ཆེ་ལྷ་ཁང་རྣམས་བཤིག་མགོ་བརྩམས། ས་ཁུལ་དེའི་ཁ་ཆེའི་ལྷ་ཁང་གསུམ་ཆའི་གཉིས་བཤིག་པ་དང་གཏོར་སྐྱོན་ཕོག ལྷ་ཁང་གི་ངོ་བོ་བསྒྱུར་བ་དང་ལྷ་ཁང་ཁག་ཅིག་ཤུལ་མེད་དུ་བཏང་ཡོད་ཅིང་། རྒྱ་ནག་གི་ཁ་ཆེ་ཚོས་དྲྭ་ལམ་དུ་བཀྲམ་པའི་འདྲ་པར་ཁག་དང་འཁོར་སྐར་གྱིས་བླངས་པའི་འདྲ་པར་རྣམས་གཤིབ་སྡུར་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ནིང་ཞ་ཁུལ་གྱི་ཁ་ཆེའི་ལྷ་ཁང་རྣམས་རྩ་གཏོར་ཕྱིན་ཡོད་པ་ངེས་གཏན་ཐུབ། ཀན་སུའུ་ཞིང་ཆེན་དང་ནིང་ཞ་ཧོས་རིགས་རང་སྐྱོང་ཁུལ་གྱི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་ཁ་ཆེའི་ལྷ་ཁང་ཅི་ཙམ་གཏོར་བཤིག་བཏང་ཡོད་མེད་ཀྱི་ཁ་གྲངས་གསལ་པོ་ཞིག་མ་བཀོད་པར་ཉམས་ཞིབ་པ་ཚོར་གཞི་གྲངས་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉམས་ཞིབ་པ་ཧ་ནཱ་ཐི་ཁར་དང་ཌེ་ཝི་ཌི་ས་ཊ་རུབ་གཉིས་ཀྱིས་རྒྱ་ནག་གི་ཧོས་རིགས་ཁ་ཆེ་ཚོར་ཞིབ་འཇུག་བྱས་ནས་སྙན་ཐོ་ཞིབ་ཕྲ་ཞིག་འདོན་གྲབས་ཡོད་པ་སྟེ། ཁོ་ཚོས་༢༠༢༠་ནས་ནིང་ཞ་ཁུལ་གྱི་ཁ་ཆེའི་ལྷ་ཁང་གསུམ་ཆའི་གཅིག་སྒོ་བརྒྱབ་འདུག ༢༠༢༡་ལོའི་ཕྱི་ཟླ་༣་ནང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་༢༠༡༤་ལོར་ནིང་ཞ་ཁུལ་དུ་ཁ་ཆེའི་ལྷ་ཁང་༤༢༠༣་ཡོད་པ་དེའི་གྲས་ནས་ལྷ་ཁང་༤༠༠་ནས་༥༠༠་ཡས་མས་ཤིག་སྒོ་བརྒྱབ་ཟིན་འདུག་ཅེས་གསར་འགྱུར་སྤེལ་བ་སྙན་ཐོའི་ནང་དུ་བཀོད། རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་སྲ་བརྟན་གྱི་སྲིད་ཇུས་ལག་ལེན་བསྟར་ནས་མི་དམངས་ལ་དཔལ་འབྱོར་གྱི་རྡོག་ཁྲེས་ཆུང་དུ་གཏོང་གི་ཡོད། མི་མང་དབུལ་ཕོངས་ཚོས་ལྷ་ཁང་འཛུགས་སྐྲུན་སོགས་ལ་དངུལ་སྒོར་ཞལ་འདེབས་འབུལ་ཐུབ་ཀྱི་མི་འདུག་ཅེས་རྒྱུ་མཚན་བགྲངས། རྒྱ་ནག་གཞུང་གིས་དབུལ་སྐྱོབ་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་གྲོང་གསེབ་པ་རྣམས་ཁྱིམ་གཞིས་སྤོས། གནས་ཡུལ་གསར་པ་དེ་ཚོར་ཁ་ཆེ་ལྷ་ཁང་འཛུགས་སྐྲུན་བྱ་རྒྱུ་ཚོད་འཛིན་དང་ལྷ་ཁང་གི་བཟོ་བཀོད་རྣམས་རྒྱ་ནག་གིས་བཟོ་བཀོད་ལ་མཐུན་དགོས་པའི་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་ཧོས་རིགས་ཁ་ཆེ་ཁག་ཅིག་གིས་ཞིབ་བཤེར་སྲིད་ཇུས་ལ་འཛེམ་ཟོན་མེད་པར་ངོ་རྒོལ་བྱ་རྒྱུ་འགོ་ཚུགས། དཔེར་ན་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ནང་ནིང་ཞ་ཁུལ་གྱི་མི་ལྔས་གྲོང་གསེབ་པ་༢༠་ཁྲིད་ནས་ས་གནས་དམར་ཤོག་ཚོགས་པའི་ལས་ཁུངས་མདུན་དུ་ཁ་ཆེའི་ལྷ་ཁང་སྒོ་བརྒྱབ་པར་ངོ་རྒོལ་ལས་འགུལ་སྤེལ། ནིང་ཞ་ཁུལ་གྱི་གཞུང་འབྲེལ་མི་སྣ་ཚོས་མི་ལྔར་ཟིང་འཁྲུག་བསླངས་པའི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱར། དེ་བཞིན་མཚོ་སྔོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་སོགས་ས་གནས་གཞན་ཁག་ཏུའང་ཁ་ཆེའི་ལྷ་ཁང་སྒོ་བརྒྱབ་པ་དང་ལྷ་ཁང་གཏོར་བཤིག་བཏང་བ། ལྷ་ཁང་གི་ངོ་བོ་བསྒྱུར་བ་བཅས་ལ་ཁ་ཆེ་ཚོས་ངོ་རྒོལ་བྱས། ཧོས་རིགས་ཁ་ཆེ་མ་ཇུས་རྒྱ་ནག་གི་ཁ་ཆེའི་ལྷ་ཁང་སྲ་བརྟན་གཏོང་བའི་སྲིད་ཇུས་ཟེར་བ་ནི་མི་རྣམས་ལྷ་ཁང་དུ་ཕྱག་འཚལ་དགེ་སྦྱོར་བྱེད་དུ་འགྲོ་རུ་མི་འཇུག་རྒྱུའི་དམིགས་ཡུལ་རེད། ལྷ་ཁང་གི་རྒྱ་ཕིབས་དང་ལྕོག་མཁར་རྣམས་བཤིག་པའི་རྗེས་སུ་ཆོས་ལུགས་ཀྱི་མཁོ་ཆས་རྣམས་ཀྱང་མེད་པར་གཏོང་གི་འདུག་ཅེས་བཤད།།

ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་ནིང་ཞ་ཧོས་རིགས་རང་སྐྱོང་ཁུལ། ཀོང་ཧེ་རྫོང་གི་མི་འབོར་མང་ཆེ་བ་ཁ་ཆེ་ཡིན་མོད། འོན་ཀྱང་༢༠༢༠་ལོར་ལྷ་ཁང་༡༢་ལ་ཆོག་མཆན་མ་བཀོད། ལྷ་ཁང་ལྔ་སྒོ་བརྒྱབ་པ་དང་ལྷ་ཁང་གཞན་པ་ལྔ་ཕན་ཐོགས་མེད་པར་གྱུར། ལོ་འདིའི་ཕྱི་ཟླ་༧་ནང་རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་ལྷོ་ཕྱོགས་སུ་ཆགས་པའི་ན་གུ་གྲོང་རྡལ་གྱི་ཁ་ཆེའི་ལྷ་ཁང་ཞིག་སྒོ་བརྒྱབ་སྟེ་མང་ཚོགས་ཀྱིས་ངོ་རྒོལ་བྱས་ནས་ཉེན་རྟོག་པར་འཁྲུག་པ་བརྒྱབ། སྔ་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ནས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་དང་ཧོས་རིགས་བཅས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ཉེས་རྡུང་དང་བཙོན་འཇུག ངལ་རྩོལ་བཙན་བཀོལ་དང་པར་ཆས་བཙུགས་ནས་ལྟ་རྟོག རྒྱ་ནག་གཞུང་གིས་ཁ་ཆེ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པ་ནི་འགྲོ་བ་མི་ལ་གནོད་འཚེ་བྱས་ནས་ནག་ཉེས་བསགས་པ་རེད་ཅེས་སྙན་ཐོ་བཏོན།།

ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལྷན་ཁང་ལ་གློག་འཕྲིན་བཏང་ནས་ཁ་ཆེ་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་སོགས་འདྲི་རྩད་བྱས་ཀྱང་ལེན་འདེབས་མ་བྱུང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ལས་ཚབ་འགན་འཛིན་མ་ཡ་ཝང་གིས་ཕྱི་རྒྱལ་གྱི་སྲིད་གཞུང་ཁག་དང་ཚོགས་པ་ཁག ལྷག་པར་དུ་ཁ་ཆེའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་ཆེའི་ལྷ་ཁང་རྣམས་བཤིག་སྟེ་མི་མང་ཆོས་དད་པ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། ཁ་ཆེའི་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་གྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས། ཡིན་ནའང་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་བཙུགས། ཁོ་ཚོས་ཞིན་ཅང་གི་ཡུ་གུར་བ་གཙོས་རྒྱ་ནག་གི་ཁ་ཆེ་ཚོའི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་གླེང་སློང་མི་བྱེད་པར་ཡུ་གུར་བ་སོགས་ཁ་ཆེ་ཚོ་སྐྱིད་པོ་འདུག ཁོ་ཚོའི་འཚོ་བ་ཡར་རྒྱས་དང་ཆོས་དད་རང་དབང་འདུག་ཅེས་རྒྱ་ནག་གཞུང་གི་སྐད་ཆ་དེ་འཛམ་གླིང་ཡོངས་སུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG