ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གིས་ཁམས་བྲག་མགོའི་བོད་པ་བཅུ་བཀག་ཉར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཁམས་བྲག་མགོ་ནས་བོད་མི་བཅུ་ལྷག་སློབ་གསོ་སྒྱུར་བཀོད་ཁང་དུ་འཇུ་བཟུང་བཀག་ཉར་བྱས་ཡོད་པ།

༄༅།། ཉེ་ལམ་རྒྱ་ནག་གཞུང་གིས་ཁམས་བྲག་མགོའི་སྟོན་པའི་སྐུ་བརྙན་སོགས་གཏོར་བཤིག་བཏང་བའི་བརྙན་པར་ཁྱབ་སྤེལ་བྱས་པ་དང་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པ། སྐུ་བརྙན་གཏོར་བཤིག་གི་ལས་གཞི་ལ་རྣམ་འགྱུར་ཡག་པོ་མ་བསྟན་པ་སོགས་རྒྱུ་མཚན་དུ་བགྲངས་ནས་ཁ་པར་སྔོག་བཤེར། སྤྱི་ཚོགས་དྲྭ་རྒྱར་དམ་དྲག་བྱས་ནས་ཉུང་མཐར་ཡང་བོད་པ་བཅུ་འཛིན་བཟུང་བྱས་ནས་སློབ་གསོ་བསྒྱུར་བཀོད་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་ཅིང་། འདི་གའི་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཕྱི་ཟླ་དང་པོའི་མགོ་སྟོད་དེར་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲ་ཤིས་རྡོ་རྗེ། བྲག་མགོ་དཀྲོལ་པ་གྲོང་ཚོའི་ལྷ་མོ་དབྱངས་སྐྱིད་དང་ནོར་པ་འབྲོག་སྡེའི་ཚེ་རིང་བསམ་གྲུབ། གཞན་པ་མིང་ཤེས་རྟོགས་མ་ཐུབ་པའི་བོད་པ་དྲུག་བཅས་ཁྱོན་བསྡོམས་བོད་པ་བཅུ་འཛིན་བཟུང་བཀག་ཉར་བྱས་འདུག རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་པ་ཕལ་ཆེ་བ་བྲག་མགོ་རྫོང་ནས་རྒྱང་ཐག་སྤྱི་ལེ་༥་ཙམ་གྱི་མཚམས་སུ་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་གྱི་ས་གནས་སློབ་གསོ་བསྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་བྱས་འདུག་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་འགྲེལ་བརྗོད་གནང་འདུག

ཁོང་གིས་སློབ་གསོ་བསྒྱུར་བཀོད་ཀྱི་ལམ་ལུགས་ནི་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག་ཏུ་འདུས་མེད་པས་དེའི་ནང་དུ་ཚུད་པའི་མི་ཚོས་རྡུང་རྡེག་དང་མནར་གཅོད་མྱོང་གི་ཡོད་པ་སྨོས་མེད་རེད། ད་ལན་བཀག་ཉར་འོག་ཚུད་པའི་བོད་པ་ཚོར་རྒྱ་གཞུང་གི་བཀའ་ལ་ཉན་དགོས་པ་དང་རྒྱ་གར་དུ་ཡོད་པའི་བོད་པ་ཚོར་འབྲེལ་བ་བྱེད་ཆོག་པ་སོགས་ཀྱི་སློབ་གསོ་གཏོང་བ། ཁོ་ཚོ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་དང་རྡུང་རྡེག་གཏོང་གི་ཡོད་པའི་གནས་ཚུལ་འབྱུང་གི་འདུག རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་བསྟན་འཛིན་ཉི་མའི་མིག་ལ་རྨས་སྐྱོན་ཕོག་པ་རེད། རྒྱ་ནག་གཞུང་གིས་༢༠༡༣་ལོ་ནས་སློབ་གསོ་བསྒྱུར་བཀོད་ཀྱི་ལམ་ལུགས་མེད་པར་བཏང་ཟིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་བོད་ནང་གི་ས་ཁུལ་དུ་མར་ད་དུང་ཡང་སྲིད་ཇུས་འདི་མུ་མཐུད་དུ་ལག་བསྟར་བྱེད་བཞིན་ཡོད་པར་མ་ཟད། ཁྲིམས་ལུགས་ཀྱི་སྲུང་སྐྱོབ་མི་ཐུབ་པའི་ས་ཚུགས་འདི་ལྟ་བུར་ཚུད་པའི་བོད་པ་ཚོས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་དགོས་ཐུག་གི་འདུག འདི་ནི་རྒྱ་ནག་གི་ཁྲིམས་ལུགས་དང་རྒྱབ་འགལ་ཡིན་པས་འཕྲལ་དུ་འཚམས་འཇོག་བྱ་དགོས། རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ཐུགས་ཁུར་ཆེ་ཙམ་བཞེས་དགོས་ཞེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་གྱིས་འབོད་སྐུལ་ཞུས་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG