ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཏོག་དབྱིབས་གློ་ཚད་རྒྱལ་སྤྱིའི་རིམས་ནད་ཅིག་ཏུ་གྱུར།


༄༅།། སྤྱི་ཟླ་༢་པའི་ཚེས་༢༧་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉི་མ་གཅིག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕོག་ཡོད་པའི་ནད་པ་གསར་པ་༤༣༣་བྱུང་ཡོད་པ་དང་མི་༢༩་ལ་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་མི་༨༡༤༠༠་ལྷག་ལ་ཏོག་དབྱིབས་ནད་དུག་གིས་བསླངས་པའི་གློ་ཚད་གསར་པའི་རིམས་ནད་འགོས། ཉུང་མཐར་ཡང་མི་༢༧༧༠་ཙམ་ལ་འཆི་སྐྱོན་བྱུང་བ་དང་རྒྱལ་ཁབ་༤༧་ལ་ཏོག་དབྱིབས་རིམས་ནད་ཁྱབ། རྒྱ་ནག་གཞུང་གིས་ཕྱི་ཟླ་༤་པའི་མཇུག་གི་མཚམས་སུ་ཏོག་དབྱིབས་རིམས་ནད་རྩ་མེད་གཏོང་ཐུབ་རྒྱུའི་རྩིས་རྒྱག་གི་ཡོད་ཀྱང་རྒྱ་ནག་གི་ནད་པ་ཁྲི་ཚོ་༣་ཡས་མས་ཤིག་དྲག་སྐྱེད་བྱུང་བ་དེ་དག་གི་གྲས་སུ་སླར་ཡང་ནད་རྟགས་ཐོན་ཡོད་པའམ། ཡང་ན་འགོས་ནད་ཕོག་ཡོད་པའི་བུད་མེད་བཙོན་པ་ཞིག་ཝུ་ཧན་གྱི་བཀག་སྡོམ་འོག་ནས་པེ་ཅིང་ལ་ཐར་ཡོད་པ་དེ་དག་གིས་བསྐྱར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་འགོ་ནད་ཁྱབ་གདལ་གཏོང་སྲིད་པའི་ཉེན་ཁ་ཡོད་པ་རེད།

རྒྱ་ནག་གི་འཕྲོ་ནས་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དུ་ཕྱིན་ནས་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་སྟེ། དེ་རིང་གཟའ་ཕུར་བུའི་ཉིན་མོར་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་གསར་པ་༥༠༥་བྱུང་། ད་ལྟ་ཀོ་རི་ཡ་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༡༧༦༦་དང་མི་༡༣་ལ་འཆི་སྐྱོན་བྱུང་འདུག ལྷོ་ཀོ་རི་ཡའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་ཡུལ་ལྟེ་བ་ནི་ཏཱེ་གུ་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཞིག་ཡིན་ཞིང་། ལྷོ་ཀོ་རི་ཡའི་གཞུང་གིས་ཡེ་ཤུའི་ལྷ་ཁང་དེར་ཚོགས་མི་འབུམ་༢་དང་ཕྱེད་ཀ་ཡས་མས་ཤིག་ཡོད་པ་ཀུན་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པར་མ་ཟད། ལྷོ་ཀོ་རི་ཡའི་དམག་ལའང་ནད་འགོག་གྱོན་ཆས་བཀྲམ། རྒྱལ་ཁབ་དེའི་དམག་མི་བཅུ་གྲངས་ཤིག་དང་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་མི་ཞིག་ལའང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་གནས་ཚུལ་ཐོན།

ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཏོག་དབྱིབས་རིམས་ནད་ཁྱབ་ནས་མི་༡༤་ལ་འཆི་སྐྱོན་དང་མི་༥༢༨་ལ་རིམས་ནད་འགོས། དེང་སྐབས་ཨི་ཊི་ལིའི་བྱང་ཕྱོགས་ཀྱི་གྲོང་རྡལ་ཁག་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན། ཚོང་ལས་སོགས་ཡོངས་སུ་བཀག་ནས་མི་མེད་ལུང་སྟོང་ལྟ་བུ་ཞིག་ཏུ་གྱུར། རིམས་ནད་སྔོན་འགོག་ཆེད་དུ་ཨི་ཊི་ལིའི་ཡེ་ཤུའི་ཆོས་སྡེ་ཁག་གིས་མི་ཚོགས་བསྡུས་ནས་དད་ལྡན་པ་རྣམས་ཀྱི་ལྕེ་ཐོག་ཏུ་ཐད་ཀར་ཁྲུས་ཆུ་མི་གཏོར་བ་དང་མི་ཚོས་ཕན་ཚུན་ལག་པ་མི་གཏོང་བའི་འབོད་སྐུལ་ཞུས། སི་སི་ལིའི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ལས་སྣེ་ཁག་གིས་ཀྱང་རིམས་ནད་ཅིག་ཁྱབ་གདལ་འགྲོ་བཞིན་པའི་སྐབས་འདིར་གཞུང་གིས་ལམ་སྟོན་བྱས་པ་ལྟར་གཙང་སྦྲ་དང་འཕྲོད་བསྟེན་ལས་ཐབས་ཁག་བསྟེན་ན་དགོས་མཚན་འདུག་ཅེས་བསྒྲགས། ཨི་རན་ལ་ཏོག་དབྱིབས་རིམས་ནད་ཕོག་ནས་མི་༢༦་ལ་འཆི་སྐྱོན་དང་མི་༢༤༥་ལ་རིམས་ནད་འགོས། ཨི་རན་གྱི་འགོས་ནད་ཕོག་པའི་ནད་པ་དེ་དག་གི་གྲས་སུ་སྲིད་འཛིན་གཞོན་པ་དང་འཕྲོད་བསྟེན་བློན་ཆེན་གཞོན་པ། རྒྱལ་ཁབ་དེའི་གནད་ཡོད་གྲོས་ཚོགས་འཐུས་མི་ཞིག་དང་ཆོས་དཔོན་གྲགས་ཅན་ཞིག་བཅས་འདུས། རྒྱལ་ས་ཐེ་རན་དང་དེ་མིན་གྱི་གྲོང་ཁྱེར་ཁག་ཏུ་གཟའ་པ་སངས་ཉིན་ཁ་ཆེའི་ལྷ་ཁང་ཁག་ལ་མི་ཚོགས་འཛོམས་ནས་ཕྱག་འཚལ་དགེ་སྦྱོར་གྱི་བྱེད་སྒོ་རྣམས་མཚམས་འཇོག་བྱ་དགོས་པའི་བཀའ་བཏང་། ཉམས་ཞིབ་པ་མང་དག་ཅིག་གིས་ཨི་རན་གཞུང་གིས་མི་ལ་ཏོག་དབྱིབས་རིམས་ནད་འགོས་ནས་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ངོ་མ་དེ་སྦ་གསང་བྱེད་ཀྱི་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

ཉི་ཧོང་གི་ཡུལ་སྐོར་སྤྲོ་འཆམ་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་སྣེ་ཤན་པ་བུད་མེད་ཅིག་ལ་ཏོག་དབྱིབས་རིམས་ནད་འགོས་ནས་དྲག་སྐྱེད་བྱུང་། ད་ལྟ་ཁོ་མོར་སླར་ཡང་ནད་དུག་འགོས་པའི་ནད་རྟགས་ཐོན་པས་སྲིད་བློན་ཤིན་ཛོ་ཨ་བྷེས་རྒྱལ་ཡོངས་སུ་གཞི་རིམ་ནས་མཐོ་འབྲིང་བར་དུ་སློབ་གྲྭ་༣༤༨༤༧་ཡོད་པ་དེ་དག་གི་ནང་དུ་སློབ་ཕྲུག་ས་ཡ་༡༢་དང་འབུམ་༨་ཡོད་པ་རྣམས་ཕྱི་ཟླ་གསུམ་པའི་ཟླ་མཇུག་བར་དུ་སློབ་གྲྭ་འཚོགས་མི་དགོས་པར་སློབ་ཁང་སྒོ་རྒྱག་དགོས་ཞེས་བཀོད་ཁྱབ་བཏང་འདུག ད་ལྟ་ཉི་ཧོང་གི་ས་ཐོག་ཏུ་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་གི་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་པའི་ནད་པ་ཚོར་སྨོན་བཅོས་བྱེད་ཀྱི་ཡོད་པ་རྣམས་བསྡོམས་ན་རྒྱལ་ཁབ་དེར་ཁྱོན་བསྡོམས་མི་༨༠༠་ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པས་ལོ་འདིར་ཉི་ཧོང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་འཆར་ཡོད་པ་དུས་ཐོག་ཏུ་འཚོགས་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཉི་ཧོང་གཞུང་གིས་ཨ་སྒོར་ཐེར་འབུམ་༢༥་འགྲོ་གྲོན་བཏང་ནས་རྒྱལ་སྤྱིའི་རྩེད་རིགས་དེར་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་འཛམ་གླིང་ཡོངས་སུ་ཚབས་ཆེའི་འགོས་ནད་ཅིག་ཁྱབ་ཀྱི་ཡོད་པ་དེས་༢༠༢༠་ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཕྱིར་འཐེན་བྱ་དགོས་ཐུག་སྲིད་པའི་གླེང་སློང་བྱ་རྒྱུ་འགོ་ཚུགས་འདུག ཉི་ཧོང་གི་ལས་སྣེ་ཚོས་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཕྱིར་འཐེན་བྱ་དགོས་དོན་མེད། ཉི་ཧོང་རྒྱལ་ཡོངས་སུ་དཔལ་འབར་སྐོར་སྐྱོད་བྱ་ཡུལ་ས་གནས་ཁག་ཉུང་དུ་གཏོང་ཆོག་ཅེས་ཁྱབ་སྒྲགས་བྱས་འདུག རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འཛིན་སྐྱོང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་ད་ལྟའི་ཆར་ཕྱི་ཟླ་༧་ཚེས་༢༤་ཉིན་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ཚུགས་འཆར་ཡོད། འོན་ཀྱང་ད་དུང་གང་ཅིའི་གནས་སྟངས་ལ་ངེས་གཏན་མེད་པས་སྐབས་ཐོག་སོ་སོར་འགྱུར་ལྡོག་འགྲོ་སྲིད་ཅེས་བཤད་འདུག

སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ལོ་འདིར་ཁ་ཆེའི་སྨྱུང་གནས་དུས་ཆེན་གཞུག་གི་གནས་སྐོར་བ་ཚོར་ཐོངས་མཆན་སྤྲོད་རྒྱུ་མིན། རྒྱལ་ཁབ་གཞན་གྱི་གནས་སྐོར་བ་རྣམས་སོ་ཌི་ཨ་རེ་བྷི་ཡར་ཡོང་མི་ཆོག་ཅེས་བཀག ལོ་ལྟར་ཁ་ཆེའི་སྨྱུང་གནས་དུས་ཆེན་གཞུག་དེར་འཛམ་གླིང་ཡུལ་གྲུ་ཁག་གི་ཁ་ཆེའི་ཆོས་དད་པ་དུང་ཕྱུར་༡༨་ཙམ་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་ལ་ཡོང་སྲོལ་ཡོད་ཅིང་། ཧྥ་རན་སིའི་སྲིད་འཛིན་གྱིས་འཛམ་གླིང་ཡོངས་ལ་རིམས་ནད་ཅིག་ཁྱབ་ས་རེད་ཅེས་ཉེན་བརྡ་བཏང་བ་དང་ཨ་མི་རི་ཀས་ཀྱང་སྔ་གཞུག་མ་གཏོགས་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་རྒྱུ་རེད་ཅེས་སྔོན་འགོག་གི་གྲ་སྒྲིག་བྱ་རྒྱུ་འགོ་ཚུགས། ཁ་སང་ནས་ཡུ་རོབ་རྒྱལ་ཁབ་སུད་སི་དང་སི་པེན། ཨོ་སི་ཊི་རི་ཡ། ཨེ་སི་ཊོ་ཎི་ཡ། ཌན་མག་དང་འཇོར་ཇཱི་ཡ། ནོར་ཝེ། བྱང་མེ་སེ་ཌོ་ཎི་ཡ། གྷེ་རི་སི་དང་རོ་མེ་ཎི་ཡ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། རྒྱ་གར་དང་བལ་ཡུལ། དཀྱིལ་ཤར་ས་ཁུལ་གྱི་ཁུ་ཝེ་ཐེ་དང་ལེ་བྷ་ནན། ཨི་སི་རལ་དང་བྷ་རེན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ལ་ཁྱབ་གདལ་སོང་། མདོར་ན་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་དེ་ཨེ་ཤི་ཡ་དང་ཡུ་རོབ། ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀ བྱང་ཨ་མི་རི་ཀ་དང་ཨོ་གླིང་བཅས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ཁྱབ་ཟིན་ཡོད་པ་རེད།།

XS
SM
MD
LG