ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྩོམ་པ་པོ་དབྱང་ཧེང་ཅུན་ལ་གསང་ཉུལ་གྱི་ཉེས་འཛུགས།


༄༅།། རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་རྩོམ་པ་པོ་དབྱང་ཧེང་ཅུན་ལ་དངོས་སུ་གསང་ཉུལ་གྱི་ནག་ཉེས་བཙུགས། ད་ལྟ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་གཏའ་མར་ཉར་འཛིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། དབྱང་ཧེང་ཅུན་ནི་སྐྱེས་ཡུལ་རྒྱ་ནག་དང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཟུར་པ་ཞིག་ཡིན་རུང་ལོ་མང་སྔོན་ནས་ཨོ་གླིང་རྒྱལ་ཁབ་ལ་གཏན་སྡོད་གཞིས་ཆགས་སུ་ཕྱིན་ཏེ་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་དོར། ཁོ་པ་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཁོངས་སུ་ཞུགས་ནས་དྲྭ་ཚིགས་ཤིག་གཉེར་པ་དང་རྒྱ་ནག་གི་སྤྱི་དམངས་ཚོར་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་རྒྱ་ཆེན་པོ་ཞིག་འཐོབ་པར་རྩོམ་ཡིག་བྲིས་ནས་ཆེད་ལས་གསར་པ་ཞིག་མགོ་བརྩམས། རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་ལ་ཕྱི་རྒྱལ་གྱི་གསང་ཉུལ་བའི་ནག་ཉེས་བཙུགས་པ་དེས་པེ་ཅིང་གི་དབང་འཛིན་པ་ཚོས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་གཏོང་གི་ཡོད་པ་དང་ཨ་རིའི་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་བཀག་སྐྱིལ་བྱེད་ཀྱི་ཡོད་པར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བཙན་དྲག་གིས་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་བཏང་བ་ཞིག་མཚོན་ཐུབ།

ཕྱི་ཟླ་༨་ཚེས་༢༧་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་ཕྱི་ཟླ་༨་ཚེས་༢༣་ཉིན་དབྱང་ཧེང་ཅུན་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་དངོས་སུ་འཛིན་བཟུང་བྱས་པར་བློ་འཚབ་ཆེན་པོ་ཡོད། འབུམ་རམས་པ་དབྱང་ཧེང་ཅུན་རྒྱ་ནག་གཞུང་གིས་ཟླ་བ་༧་གྱི་རིང་དུ་ནག་ཉེས་འཛུགས་རྒྱུ་མེད་པར་དཀའ་སྡུག་གི་གནས་སྟངས་འོག་ཏུ་བཀག་ཉར་བྱས་པ་རེད། འདས་པའི་ཟླ་བ་མང་པོའི་རིང་ལ་རྒྱ་ནག་གཞུང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་བཀག་ཉར་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་གང་ཡང་བརྒྱབ་མ་བྱུང་། ཁོ་པ་རང་གི་བཟའ་མི་དང་ཁྲིམས་རྩོད་ལའང་ཐུག་འཕྲད་བྱེད་དུ་བཅུག་མ་སོང་ཞེས་བསྒྲགས། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲོན་ཚབ་པས་དབྱང་ཧེང་ཅུན་གསང་ཉུལ་ཡིན་པའི་དོགས་གཞིའི་འོག་ཏུ་འཛིན་བཟུང་བྱས་པ་ཡིན། ཁོ་པ་ལུས་ཁམས་བདེ་ཐང་དང་རྒྱ་ནག་གི་བདེ་འཇགས་ཚན་པ་ཁག་གིས་གནད་དོན་དེར་ཐག་གཅོད་བྱེད་ཀྱིན་ཡོད། ཨོ་གླིང་རྒྱལ་ཁབ་ཀྱིས་དབྱང་ཧེང་ཅུན་གྱི་གནད་དོན་ལ་གླེང་སློང་བྱས་པ་ཧ་ཅང་གི་ཐབས་རྡུགས་ཤིག་རེད། ཁོ་ཚོས་རྒྱ་ནག་གི་ཁྲིམས་འཛིན་དབང་ཚད་ལ་བརྩི་འཇོག་བྱེད་པའི་རེ་བ་ཡོད། ཨོ་གླིང་གཞུང་གིས་གྱོད་གཞི་དེར་ཐེ་གཏོགས་མ་བྱས་པར་རྒྱ་ནག་གི་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་དུ་བཅུག་ན་དགེ་མཚན་ཆེ་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

༢༠༡༩་ལོའི་ཕྱི་ཟླ་དང་པོའི་ནང་དུ་དབྱང་ཧེང་ཅུན་དང་བཟའ་ཟླ་བུ་ཕྲུག་བཅས་པ་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ནས་རྒྱ་ནག་གི་ཀོང་ཀྲུག་གྲོང་ཁྱེར་དུ་ཕྱིན་པའི་སྐབས་སུ་གནམ་ཐང་དུ་བཀག དབྱང་ཧེང་ཅུན་གྱི་ཆུང་མ་དང་བུ་ཕྲུག་རྣམས་ཀོང་ཀྲུག་ནས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་འགྲུལ་སྐྱོད་བྱེད་དུ་བཅུག་ཀྱང་དུས་དེ་ནས་བཟུང་སྟེ་དབྱང་ཧེང་ཅུན་རྒྱ་ནག་གཞུང་གིས་པེ་ཅིང་གི་ས་གནས་ཤིག་ཏུ་བཀག ༢༠༡༨་ལོའི་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་ཀྱང་འཛིན་བཟུང་བྱས་ནས་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་ཞིག་བཙན་འགེལ་བྱས་མོད། འོན་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་ཁེ་ན་ཌའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དཔལ་འབྱོར་སྤྱི་ཁྱབ་འགན་འཛིན་མེན་ཝན་ཀྲུག་འཛིན་བཟུང་བྱས་པ་དང་ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་རང་གི་བརྡ་འཕྲིན་མ་ལག་ནང་དུ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་སྒྲིག་ཆས་རྣམས་བཀོལ་སྤྱོད་བྱ་རྒྱུ་འགོག་གི་ཡོད་པར་རྒྱ་ནག་གིས་དགྲ་ལན་སློག་པ་རེད་ཅེས་གླེང་། རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྤྱི་དམངས་གཉིས་ལའང་རང་གི་བཟའ་མི་དང་ཁྲིམས་རྩོད་པ་སོགས་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པར་མ་ཟད། ཁེ་ན་ཌའི་སྤྱི་དམངས་དེ་དག་གིས་རྒྱ་ནག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས།།

དབྱང་ཧེང་ཅུན་གྱི་བློས་ཐུབ་གྲོགས་པོ་ཧྥེང་ཁྲུང་དབྱི་སྟེ། ཨོ་གླིང་གི་སི་ཌི་ཎི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་གྱིས་རྒྱ་ནག་གཞུང་གིས་ཤེས་ཡོན་ཅན་དང་རྩོམ་པ་པོ་སོགས་བཙན་ཉར་བྱས་ནས་ཨ་མི་རི་ཀ་དང་ཨོ་གླིང་རྒྱལ་ཁབ་སོགས་ལ་གནོན་ཤུགས་སྤྲོད་ཐབས་དང་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་དང་བརྡ་འཕྲིན་མ་ལག་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཁྲོམ་རའི་ནང་དུ་འགོག་གི་ཡོད་པ་བཀག་སྡོམ་མེད་པར་གཏོང་ཐུབ་པའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག་ཅེས་བཤད། རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་ཕྱིན་པའི་སྟབས་ཀྱིས་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌིའི་སློབ་ཆེན་ཁག་ཏུ་གཏམ་བརྗོད་རང་དབང་ལ་ཚོད་འཛིན་ཐེབས་ཀྱི་ཡོད་ཅིང་། འདས་པའི་ཟླ་བ་༧་གྱི་རིང་ལ་རྒྱ་ནག་གི་བདེ་འཇགས་མི་སྣ་ཚོས་དབྱང་ཧེང་ཅུན་ལ་འདྲི་གཅོད་ལན་མང་བྱས་ཀྱང་གསང་ཉུལ་གྱི་ནག་ཉེས་གང་ཡང་ངོས་ལེན་བྱས་མི་འདུག རྒྱ་ནག་གཞུང་གིས་དབྱང་ཧེང་ཅུན་ཕྱི་རྒྱལ་གྱི་གསང་ཉུལ་བ་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱང་བྱས་ཐུབ་མེད་པས་ཨོ་གླིང་གཞུང་གིས་ངེས་པར་དུ་རྒྱ་ནག་ལ་དཔང་རྟགས་སྟོན་དགོས་པའི་གནོན་ཤུགས་སྤྲོད་དགོས། ཨོ་གླིང་གཞུང་དམངས་གཉིས་ཀས་གནོན་ཤུགས་སྤྲད་ན་རྒྱ་ནག་གཞུང་གིས་ཕྱིར་ཤིག་རྒྱག་གི་རེད་ཅེས་སློབ་དཔོན་ཧྥེང་ཁྲུང་དབྱིས་གསར་འགོད་པ་ཚོར་བཤད་འདུག

ཨོ་གླིང་རྒྱལ་ཁབ་ནི་རྒྱ་ནག་གི་ཚོང་གྲོགས་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་རུང་སྔ་ལོ་ཨོ་གླིང་གྲོས་ཚོགས་ཀྱིས་ཕྱིའི་རྒྱལ་ཁབ་ཁག་གིས་ཨོ་གླིང་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཅེས་བཅའ་ཁྲིམས་ཤིག་གཏན་ལ་ཕབ། བཅའ་ཁྲིམས་དེའི་དམིགས་འབེན་གཙོ་བོ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་ཨོ་གླིང་གི་སྤྱི་དམངས་རྒྱ་རིགས་ཚོང་པ་དང་འབྱོར་ལྡན་པ་ཚོས་ཨོ་གླིང་རྒྱལ་ཁབ་གི་གྲོས་ཚོགས་འཐུས་མི་དང་སྲིད་དོན་ཚོགས་པ་ཁག་ལ་དཔལ་འབྱོར་རོགས་རམ་སྤྲོད་པའམ། ཡང་ན་ཁོ་ཚོ་བརྒྱུད་ནས་རྒྱ་ནག་གཞུང་གིས་ཨོ་གླིང་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་བཀག་སྡོམ་ཐེབས་པས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་། ཉེ་ཆར་ཨོ་གླིང་གི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་ཚོས་པེ་ཅིང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ངོ་རྒོལ་བྱས་པར་ཨོ་གླིང་གཞུང་གིས་དོགས་ཟོན་བྱ་དགོས་པའི་གླེང་སློང་བྱས་ནས་པེ་ཅིང་དང་ཁེ་བྷ་རའི་འབྲེལ་བར་འགལ་རྐྱེན་གསར་པ་ཞིག་བསླངས། དབྱང་ཧེང་ཅུན་གྱི་དྲྭ་ཚིགས་ཤིག་གཉེར་བ་དང་གསང་ཉུལ་གྱི་སྒྲུང་རྩོམ་བྲིས་ནས་འཚོ་བར་རོལ་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་རྩོམ་པ་པོ་དེར་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་ལོ་མང་གི་བཙོན་འཇུག་ཁྲིམས་གཅོད་སྲིད་པའི་ཉེན་ཀ་ཆེའོ།།

XS
SM
MD
LG