ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་ཁམས་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གཞུང་གིས་ཁམས་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པ།

༄༅།། རྒྱ་ནག་གཞུང་གིས་ཁམས་དཀར་མཛེས་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭར་ཆོག་མཆན་ཡིག་ཆ་ཚད་ལྡན་མེད་ལུགས་བརྗོད་དེ་ཉིན་གསུམ་གྱི་ནང་ཚུད་དུ་སློབ་གྲྭ་གཏོར་དགོས་པའི་བཙན་བཀའ་བཏང་སྟེ་སློབ་གྲྭ་གཏོར་དགོས་བྱུང་འདུག དེ་ཡང་ཉིན་ཤས་གོང་དུ་ཁམས་དཀར་མཛེས་བྲག་འགོ་རྫོང་གི་ས་གནས་རྒྱ་གཞུང་གི་ལས་སྣེ་ཚོས་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭར་ཆོག་མཆན་ཡིག་ཆ་ཚད་ལྡན་མེད་པའི་ལན་ཁག་དཀྲིས་ནས་ཉིན་གསུམ་གྱི་ནང་ཚུད་དུ་སློབ་གྲྭའི་ཁང་པ་རྣམས་བཤིག་དགོས། གལ་སྲིད་རང་ངོས་ནས་མ་བཤིག་ན་སྲིད་གཞུང་གིས་གཏོར་རྒྱུ་ཡིན། དེ་དུས་གང་ཡང་འཐོབ་རྒྱུ་མིན་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད་ཅིང་། དེར་རྟེན་བྲག་འགོ་དགོན་པས་སློབ་གྲྭའི་ཁང་པ་དེ་དག་གི་ཤིང་ཆ་རྣམས་སྲུང་སྐྱོབ་ཆེད་དུ་ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་བཤིག་དགོས་བྱུང་འདུག་ཅེས་བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་བྲག་འགོ་བའི་ས་གནས་ཡུལ་མི་སྐལ་བཟང་ནོར་བུ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་གནང་དོན་ལྟར་ན། སློབ་གྲྭ་དེ་ནི་བྲག་འགོ་དགོན་པས་ཕྱི་ལོ་༢༠༡༤་ཡས་མས་སུ་དགོན་པའི་སློབ་གཉེར་བ་ཚོའི་ཆེད་དུ་བཙུགས་ཤིང་། ནང་བསྟན་སློབ་གྲྭ་དེར་སློབ་ཕྲུག་༡༣༠་ཙམ་ཡོད་ཀྱང་རྒྱ་གཞུང་གིས་སློབ་ཕྲུག་ཁག་ཅིག་ལོ་ཆུང་དྲགས་པའི་སྙད་འདོགས་བྱས་ནས་རང་ཁྱིམ་དུ་བསྐྲད། སློབ་གྲྭ་དེར་གཙོ་བོ་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་རིག་གནས། རྒྱ་ཡིག་དང་དབྱིན་ཡིག འདུལ་བ་དང་ཕར་ཕྱིན། དབུ་མ་བཅས་ཀྱི་སློབ་ཚན་འཁྲིད་ཀྱི་ཡོད་པར་མ་ཟད། དགེ་འདུན་པ་ཚོར་གནའ་དེང་གི་ཤེས་ཡོན་འཐོབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཞིང་། སློབ་གྲྭ་དེ་མ་གཏོར་གོང་དུ་སློབ་ཕྲུག་བརྒྱ་ལྷག་ཡོད་འདུག རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པ་ཁག་གི་ཆོག་མཆན་མེད་པར་ཁང་པ་རྒྱག་ཆོག་མི་ཆོག དགོན་པའི་སློབ་གྲྭ་དེར་ཆོག་མཆན་ཡིག་ཆ་ཚད་ལྡན་མི་འདུག་ཅེས་གཞི་མེད་སྐྱོན་འཛུགས་བྱས་ནས་སློབ་གྲྭ་གཏོར་བཤིག་གཏོང་དུ་བཅུག་འདུག རྒྱ་ནག་གཞུང་གིས་བྲག་འགོ་དགོན་པ་དང་ས་གནས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་བྱས་ནས་མ་སྐུལ་དང་བླངས་ཐོག་ཏུ་ཁང་པ་བཤིག་པ་རེད་ཅེས་བརྒྱུད་ལམ་ཁག་ཏུ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་རེད།།

ཕྱི་ལོ་༢༠༠༨་ལོ་ནས་བཟུང་སྟེ་བྲག་འགོ་རྫོང་དུ་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་གི་དྲང་བདེན་མིན་པའི་དབང་སྒྱུར་སྲིད་ཇུས་ལ་ཡར་ལངས་ཞི་བའི་ངོ་རྒོལ་རིམ་པར་བྱས་ཤིང་། རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་བོད་པ་མང་པོ་དམར་གསོད་དང་བཙོན་འཇུག་སོགས་བྱས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG