ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་ནས་ཅི་བྱ་གཏོལ་མེད་དུ་གྱུར།


རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་ནས་ཅི་བྱ་གཏོལ་མེད་དུ་གྱུར།
རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་ནས་ཅི་བྱ་གཏོལ་མེད་དུ་གྱུར།

༄༅།། ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་ནས་ཅི་བྱ་གཏོལ་མེད་དུ་གྱུར། སྐབས་ཤིག་རྒྱ་ནག་གི་སྟོབས་འབྱོར་ནི་ཨ་མི་རི་ཀའི་གོང་དུ་འཆོར་རྒྱུའི་ཚོད་དཔག་བྱས་ཀྱང་ད་ལྟ་སོམ་ཉིའི་དྲྭ་བར་ཚུད། ཕྱི་ཟླ་༣་པའི་ཚེས་༥་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་འཁོར་འདིར་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་རེའི་ཚོགས་འདུའི་ཐོག་ཏུ་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འབེབས། རྒྱ་ནག་གིས་འཛམ་གླིང་ལ་འགོ་ཁྲིད་བྱ་དགོས་པའི་གཏམ་བཤད་བྱེད་སྲིད་ཀྱང་དོན་དངོས་སུ་ཧམ་སེམས་དེ་མངོན་དུ་འགྱུར་དཀའ། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཇི་ལྟར་བྱ་དགོས་མོན་ཐད་སུ་གཅིག་གིས་ཀྱང་ཐབས་ཇུས་བཟང་པོ་ཞིག་སྟོན་རྒྱུ་མི་རྙེད། ཞིས་ཅིན་ཕིང་གིས་སྒེར་པ་འབྱོར་ལྡན་པ་ཚོ་མགོ་བོ་མནན། དམར་ཤོག་ཚོགས་པས་སྤྱི་སྒེར་གྱི་ལས་དོན་ཆེ་ཕྲ་ཀུན་ལ་ཐེ་ཇུས་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་དམས་སུ་བཏང་འདུག་ཅེས་གླེང་།།

༡༩༤༩་ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་
༡༩༤༩་ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་

༡༩༤༩་ལོར་མའོ་ཙེ་ཏུང་གིས་རྒྱ་ནག་དམར་ཤོག་རྒྱལ་ཁབ་བཙུགས་ནས་འཛམ་གླིང་གི་མ་རྩི་རིང་ལུགས་ཕམ་པར་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་གོ་ལའི་ཁྱོན་དུ་དར་སྤེལ་གཏོང་རྒྱུའི་དམིགས་ཡུལ་བཅངས། ལོ་རབས་༦༠་ནང་དུ་རྒྱ་ནག་དང་ཨུ་རུ་སུ་དམར་ཤོག་གི་འབྲེལ་བ་སྡུག་ཏུ་ཕྱིན་ནས་ཨ་ཧྥི་རི་ཀ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མའེ་ཙེ་ཏུང་གི་ལྟ་གྲུབ་ཁྱབ་སྤེལ་གཏོང་རྒྱུ་འགོ་ཚུགས། ༡༩༧༦་ལོར་མའོ་ཙེ་ཏུང་ཤི་བའི་རྗེས་སུ་རྒྱ་ནག་གིས་འཛམ་གླིང་དབང་དུ་བསྡུ་རྒྱུའི་ཧམ་སེམས་དོར། ཏིན་ཞའོ་ཕིང་གིས་སྲིད་དབང་བཟུང་སྟེ་རྡོ་ལ་མྱོང་ནས་གཙང་པོ་བརྒལ་དགོས་ཞེས་ཐབས་ཇུས་གསར་པ་ཞིག་བཏོན། དེ་ནི་རྒྱ་ནག་དེང་རབས་ཅན་དུ་བསྒྱུར་དགོས་པ་དང་ནུབ་ཕྱོགས་ཅན་དུ་འགྱུར་རྒྱུ། རྒྱ་ནག་གིས་གོམ་སྟབས་རེ་རེ་བཞིན་ནོར་འཁྲུལ་ལ་གཡོལ་ནས་ཨ་མི་རི་ཀའི་རྗེས་སུ་འབྲང་དགོས་པའི་དོན་དུ་གོ་དགོས། ཏིན་ཞའོ་ཕིང་གིས་ཕོ་བྲང་དཀར་པོར་ཨ་རིའི་འབྲོག་ཞྭ་ཞིག་གྱོན་པ་ནི་རྒྱ་ནག་ཁ་ཕྱོགས་གང་དུ་བསྐྱོད་རྒྱུ་ཡིན་མིན་གྱི་གོ་བརྡ་གསལ་པོ་སྤྲད་པ་ཞིག་ཡིན་པའི་གནས་ཚུལ་སྤེལ་འདུག

ལོ་རབས་༨༠་པའི་ནང་དུ་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡར་སྤྲོད་ཀྱི་མེད་པའི་ཁྲལ་ཆག་ཚོང་འབྲེལ་གྱི་གནས་བབ་ཅིག་རྒྱ་ནག་ལ་སྤྲད། རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་ཕྱིར་ཚོང་དང་འཛམ་གླིང་དངུལ་ཁང་ལ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་གཏོང་དགོས་ཞེས་ནན་གྱིས་བསྐུལ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར། ཨུ་རུ་སུ་དམར་ཤོག་ནི་སྐབས་དེར་ཨ་རི་དང་རྒྱ་ནག་གི་ཐུན་མོང་དགྲ་བོ་ཡིན་པས་ཨ་རྒྱ་གཉིས་ཀས་མོ་སི་ཀོའི་སྟོབས་ཤུགས་གཅོག་རྒྱུའི་གྲོས་མཐུན་བཞག ༡༩༧༩་ལོར་རྒྱ་ནག་གིས་ཝི་ཏེ་ནམ་ལ་དཔུང་འཇུག་བྱས་ནས་ཐེ་ལན་ཌིར་དམར་ཤོག་ལམ་ལུགས་ཁྱབ་གདལ་གཏོང་སྲིད་པ་བཀག ཨ་མི་རི་ཀས་པ་ཀི་སི་ཐན་བརྒྱུད་ནས་ཨབ་གྷ་ཎི་སི་ཐན་གྱི་ཁ་ཆེ་བསྟན་སྲུང་དམག་ལ་རྒྱབ་སྐྱོར་དང་ཨུ་རུ་སུ་དམར་ཤོག་གི་སྟོབས་ཤུགས་བཅག ཨ་རི་དང་རྒྱ་ནག་གི་ཐོག་མའི་འབྲེལ་བ་ནི་ཐུན་མོང་གི་ས་ཁམས་ཆབ་སྲིད་ཀྱི་ཁེ་ཕན་དོན་དུ་བཙུགས་པར་སྣང་།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༠༤་ཡས་མས་ནས་རྒྱ་ནག་གིས་ཨ་མི་རི་ཀའི་ལམ་ལུགས་ལ་མིག་དཔེ་བལྟ་རྒྱུ་ཐབས་མཁས་ཤིག་མིན་པ་དང་རྒྱ་ནག་གི་ལམ་སྲོལ་རྒྱལ་སྤྱིའི་ཐོག་ཏུ་དར་སྤེལ་གཏོང་རྒྱུ་མགོ་བརྩམས། ༢༠༡༣་ནས་ཞིས་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་འཛམ་གླིང་ཡོངས་ལ་རྒྱ་བསྐྱེད། ཨ་རི་དང་ཉི་ཧོང་། རྒྱ་གར་བཅས་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་ངོ་རྒོལ་བྱས་པར་མ་ཟད། ཨ་རི་དང་ཉི་ཧོང་། རྒྱ་གར་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཁག་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་སུ་འཇུག་རྒྱུར་རྒྱ་ནག་ཀྱང་མ་འཐད། ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་གྲུབ་འབྲས་མ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་རང་དབང་གི་བསམ་བློ་གཏོང་ས་མེད་པ་དང་ཨ་མི་རི་ཀར་དོགས་ཟོན་ཆེ་དྲགས་པ་བཅས་ལས་བྱུང་ཞིང་། དེ་ནི་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་དང་ཚོང་ལས་ཉམས་ཆག ཨ་རིས་ཨ་རག་དང་ཨབ་གྷ་ཎི་སི་ཐན་ལ་དམངས་གཙོའི་ལམ་ལུགས་བརྟན་པོ་ཞིག་འཛུགས་མ་ཐུབ་པ་ལས་ཀྱང་ཐབས་རྡུགས་ཤིག་རེད་ཅེས་བཀྲལ།།

རྒྱ་ནག་གིས་ཏོག་དབྱིབས་ནད་དུག་འགོག་པའི་སྨན་ཁབ་ནུས་ལྡན་ཞིག་བཟོ་མ་ཐུབ་པ་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ། ལོ་༢༥་ཡི་རྗེས་སུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིར་རྒྱལ་སྤྱིའི་ཐོག་ཏུ་མཉམ་འབྲེལ་བྱེད་མཁན་ཇེ་དཀོན་དུ་སོང་། རྒྱལ་ནང་དུ་ས་ཁང་ཚོང་ལས་རྣམས་མ་རྩ་བརྡིབས། ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་སྤོས། ན་གཞོན་ས་ཡ་མང་པོ་ལས་མེད་དུ་གྱུར་ཏེ་རྒྱ་ནག་གི་མདུན་ལམ་ལ་རེ་ལྟོས་བརླགས། ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་ཏུ་རྒྱ་ནག་ཨ་མི་རི་ཀའི་ལམ་ལུགས་ཀྱི་རྗེས་སུ་འབྲང་རྒྱུ་མིན་པ་ཐག་བཅད། དེར་བརྟེན་ཏིན་ཞའོ་ཕིང་གིས་རྡོ་ལ་མྱོང་ནས་གཙང་པོ་བརྒལ་དགོས་ཞེས་རྒྱ་ནག་ལ་ཁ་ཕྱོགས་ཤིག་བསྟན་པ་དོན་མེད་དུ་གྱུར། ད་ནས་རྒྱ་ནག་ལམ་ཕྱོགས་གང་དུ་བསྐྱོད་རྒྱུ་ཡིན་མིན་དང་ཅི་ཞིག་བྱ་རྒྱུ་ཡིན་མིན་རྣམས་སུ་གཅིག་ལའང་ངེས་ཆ་མེད་པའི་མཚམས་སུ་བསླེབས།།

རྒྱ་ནག་གི་འགོ་ཁྲིད་ཚོས་གནས་སྐབས་རིང་དཀའ་ངལ་སྣ་མང་ཞིག་ཡོད་པ་དེ་དག་གི་རེ་རེ་བཞིན་གདོང་ལེན་བྱ་དགོས་པ་སྟེ། རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་ལས་ཚོང་ཨ་རིའི་ཁྲོམ་རའི་ནང་དུ་ཡོང་མི་ཐུབ་པ་དང་གློག་གི་རླངས་འཁོར་གྱི་མེ་རྫས་ལ་སྒོ་ཁྲལ་སྤར་ནས་རིན་གོང་འཕར། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སླར་ཡང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཉེན་ཁ་ཆེ། རྒྱ་ནག་ལ་གཞི་རྩའི་འགལ་ཟླ་སེལ་ཐུབ་པའི་ནུས་པ་མེད་པས་གཡོ་ཁྲམ་གྱི་ལམ་དུ་ཞུགས་ནས་ཉི་མ་འཁྱོལ་ཐབས་བྱ་དགོས། ཨ་མི་རི་ཀས་དམངས་གཙོ་དང་གུ་ཡངས་ཀྱི་ཁྲོམ་རའི་ལམ་ལུགས་རྒྱུན་འཁྱོངས་དང་ཨུ་རུ་སུས་རྙིང་ཞེན་ཡེ་ཤུའི་ཆོས་ལུགས་གཙིགས་འཛིན་གྱི་ལམ་ལུགས་བསྐྱར་གསོ། ཨི་རན་གྱིས་ཁ་ཆེའི་ཤི་ཡ་ཆོས་རྒྱུད་ཀྱི་ལྟ་གྲུབ་ཁྱབ་སྤེལ། རྒྱ་ནག་གིས་ཐབས་ཇུས་ཅི་ཞིག་འཛིན་རྒྱུ་ཡིན་མིན་གསལ་པོ་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༥་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་འགོ་ཁྲིད་ཚོའི་གཏམ་བཤད་ཁག་ཏུ་མངའ་ཐང་བསྐྱར་དར་ཞེས་བསྒྲགས་པར་དོན་སྙིང་ཅི་ཞིག་འདུག་གམ། ༡༩༥༧་ལོར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པའི་སྒྲུང་རྩོམ་གྱི་ཚིག་ཕྲེང་ཞིག་དྲངས་ནས་ཤར་རླུང་གིས་ནུབ་རླུང་ཟིན་གྱིས་མནན་ཡོད་ཟེར། མོ་ཙེ་ཏུང་གིས་སྐད་ཆ་དེ་བཤད་ནས་དུས་རབས་ཕྱེད་ཀ་ལྷག་གི་རྗེས་སུ་མ་གཏོགས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མ་བྱུང་། ༢༠༢༡་ལོར་ཞིས་ཅིན་ཕིང་གིས་གདེང་ཚོད་ལྡན་པའི་སྒོ་ནས་ཤར་དར་ནུབ་རྒུད་ཅེས་བཀྲལ། ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་ཡུན་རིང་མི་འགོར་བར་འཛམ་གླིང་དཔལ་འབྱོར་སྟོབས་ཆེན་ཨང་དང་པོར་འགྱུར་རྒྱུ་རེད་ཅེས་ལྟ་ཚུལ་གཅིག་ཏུ་མཐུན། རྒྱ་ནག་གི་ལོ་གསུམ་ལ་སྒོ་རྒྱ་བསྡམས་ནས་པྲོག་དབྱིབས་ནད་དུག་སྔོན་འགོག་བྱས་པའི་རྐྱེན་གྱིས་དཔལ་འབྱོར་དང་ཚོང་ལས་ཉམས། རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་ཨང་དང་པོར་འགྱུར་རྒྱུ་ནི་སྨིག་རྒྱུ་ལྟར་དུ་གྱུར་ཡོད་པའི་གནས་ཚུལ་ཐོན།།

ཊ་ཧྥུ་ཊི་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་མེ་ཁེལ་བྷེག་ལེས་
ཊ་ཧྥུ་ཊི་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་མེ་ཁེལ་བྷེག་ལེས་

ཊ་ཧྥུ་ཊི་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་མེ་ཁེལ་བྷེག་ལེས་རྒྱ་ནག་གི་འཕེལ་རྒྱས་ཡང་རྩེར་ཟོན་ཚར་འདུག་ཅེས་བསྟན། ཁ་སྔོན་ཕྱི་ཟླ་དང་པོའི་ནང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སུ་ལི་ཝན་ནས་གཅིག་བྱས་ན་རྒྱ་ནག་གིས་ཨ་མི་རི་ཀའི་གོ་གནས་འཛིན་ཐུབ་པའི་དུས་སྐབས་དེ་འབྱུང་མི་སྲིད་ཅེས་སྨྲས། སི་བྷི་ཨེ་སི་གསར་ཁང་གི་སྐར་མ་༦༠་ཐམ་པའི་ལས་རིམ་ནང་དུ་བཅར་འདྲི་ཞུས་པའི་སྐབས་སུ་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཎི་ཀོ་ལ་སི་བྷན་སིས་དཔལ་འབྱོར་རིག་པ་བ་ཚོས་མ་འོངས་པའི་ལོ་བཅུའི་རིང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢་ནས་༣་དང་༤་ཙམ་ལས་འཕེལ་རྒྱས་འགྲོ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་འདུག འདི་ནི་འདས་པའི་ལོ་༤༠་ལྷག་གི་རིང་རྒྱ་ནག་ལ་བྱུང་མྱོང་མེད་པ་ཞིག་རེད་ཅེས་བཤད། སྔ་ལོ་ཨ་རིའི་དཔལ་འབྱོར་བརྒྱ་ཆ་༦.༣་གོང་འཕེལ་ཕྱིན་ཀྱང་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༤.༦་ལས་འཕེལ་རྒྱས་མ་བྱུང་། དཔལ་འབྱོར་རིག་པ་བ་ཛིམ་མར་མན་ནས་རྒྱ་ནག་གིས་ནོར་འཁྲུལ་ཡོ་བསྲང་མ་བྱས་ན་ཨ་མི་རི་ཀའི་གོང་དུ་ནམ་ཡང་འཛེགས་ཐུབ་རྒྱུ་མ་རེད་ཅེས་སྔོན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG