ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དགེ་བཤེས་ངག་དབང་ཆོས་རྒྱན་བོད་ལ་ཕེབས་ནས་རྒྱ་གཞུང་གིས་ཕྱིར་སློག


༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས་ངག་དབང་ཆོས་རྒྱན་བོད་ལ་གཉེན་འཕྲད་དུ་ཕེབས་ཏེ་རྒྱ་གཞུང་གིས་དུས་ཡུན་བདུན་ཕྲག་གཉིས་ཙམ་ལ་འཛིན་བཟུང་དང་བཀག་ཉར། ཉེན་རྟོག་པས་འདྲི་རྩད་ནན་པོ་བྱས་པའི་རྗེས་སུ་བལ་ཡུལ་ལ་ཕྱིར་སློག་བྱས་ཤིང་། བལ་ཡུལ་གཞུང་གིས་དགེ་བཤེས་ངག་དབང་ཆོས་རྒྱན་རྒྱ་གར་ལ་ཕྱིར་ལོག་བྱས་ནས་ཕ་མ་སོགས་ལ་ཐུག་འཕྲད་བྱུང་མེད་པའི་གནས་ཚུལ་ཐོན་འདུག ད་ལྟ་ལོ་ན་༤༧་ལ་སོན་པའི་དགེ་བཤེས་ངག་དབང་ཆོས་རྒྱན་ནི་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ཀླུ་འབུམ་ཁང་ཚན་ནས་ཡིན་ཞིང་། ཁོང་ལ་ཕ་ཡུལ་དུ་ལོ་ན་༨༠་བརྒལ་བའི་ཕ་མ་གཉིས་ཡོད་པས་ཕ་མའི་རེ་འདུན་བཞིན་བོད་ལ་གཉེན་འཕྲད་དུ་བསྐྱོད་པར་ལོ་༨་ལ་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་ལམ་ཡིག་བསྟུད་མར་ཞུས་ཀྱང་དོན་འབྲས་མ་སོན། དེར་བརྟེན་ལོ་འདིའི་ཕྱི་ཟླ་༧་པར་བལ་ཡུལ་གྱི་ཀློ་སྨོན་ཐང་བརྒྱུད་ནས་གསང་སྟབས་ཀྱིས་ཉིན་༤་ལ་རྐང་ཐང་དུ་ས་མཚམས་བརྒལ་ཏེ་བོད་ཀྱི་སྟོད་མངའ་རིས་འབྲོང་པ་རྫོང་དུ་འབྱོར་ལ་ཉེ་བའི་སྐབས་ཏེ། ཕྱི་ཟླ་༧་པའི་ཚེས་༣་ཡས་མས་སུ་རྒྱ་གཞུང་གི་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་ནས་འབྲོང་པ་རྫོང་གི་བཙོན་ཁང་ཆེན་པོ་ཞིག་ནང་དུ་ཉིན་བཅོ་ལྔར་གཅིག་པུ་བཙོན་དུ་བཅུག ཁོང་ལ་འདྲི་རྩད་ལན་མང་བྱས་པའི་རྗེས་སུ་ཕྱི་ཟླ་༧་ཚེས་༢༩་ཉིན་བལ་ཡུལ་གཞུང་ལ་རྩིས་སྤྲོད་བྱས་འདུག

དགེ་བཤེས་ངག་དབང་ཆོས་རྒྱན་བདུན་ཕྲག་གཉིས་ཙམ་ལ་འབྲོང་པ་རྫོང་གི་བཙོན་དུ་བཅུག་པའི་དུས་སུ་ཉེས་རྡུང་བཏང་བ་དང་བཟའ་བཏུང་མ་སྤྲད་པ་སོགས་ཀྱི་དཀའ་ངལ་ཕྲད་མེད་ཀྱང་ལག་ལྕགས་བརྒྱབ་སྟེ་ཉིན་ལྟར་བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་ཡིན་མིན་དང་སོ་པ་ཡིན་མིན། སྲིད་སྐྱོང་བློ་བཟང་སེངྒེས་མངགས་བཀོད་ཅི་ཞིག་བྱས་ཡོད་མེད། ལས་འགན་ཅི་ཞིག་སྤྲད་ཡོད་མེད། ༧གོང་ས་མཆོག་གི་དྲུང་དུ་དུས་འཁོར་དབང་ཆེན་ཞུས་ཡོད་མེད་སོགས་འདྲི་རྩད་མང་དག་ཅིག་བྱས་འདུག རྒྱ་ནག་གཞུང་གིས་སྟོད་མངའ་རིས་འབྲོང་པ་རྫོང་ནས་དགེ་བཤེས་ངག་དབང་ཆོས་རྒྱན་བལ་ཡུལ་གྱི་ཉེན་རྟོག་པར་རྩིས་སྤྲོད་བྱས་པའི་རྗེས་སུ་བལ་ཡུལ་དུ་བཅའ་སྡོད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བལ་ཡུལ་སྤོག་རའི་བོད་མིའི་ས་གནས་འགོ་འཛིན་བཅས་ཀྱི་རོགས་རམ་འོག་བལ་ཡུལ་ནས་རྒྱ་གར་ལ་ཕྱིར་ལོག་ཐུབ་སྟེ་སླར་ཡང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བདེ་འབྱོར་བྱུང་ཡོད་པར་མ་ཟད། ཁོང་རྒྱ་གཞུང་གིས་བལ་ཡུལ་ལ་ཕྱིར་སློག་བྱས་པའི་གནས་ཚུལ་རྣམས་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་རེད།།

དགེ་བཤེས་ངག་དབང་ཆོས་རྒྱན་ནི་བོད་ཀྱི་མཚོ་སྔོན་ཞིང་ཆེན། བྲག་དཀར་རྫོང་གི་བྲག་དཀར་སྤྲེལ་རྫོང་། ཐང་ནག་ཡུལ་མཚོ་ས་སྣ་གྲོང་ནས་ཡིན་པ་དང་ཆུང་དུས་སུ་བྲག་དཀར་སྤྲེལ་རྫོང་དགོན་པར་སློབ་གཉེར་བྱས། ཕྱི་ལོ་༡༩༩༨་ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཁོང་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཀ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༡༨་ལོར་དགེ་བཤེས་ཀྱི་མཚན་བཏགས་བཞེས། དེ་ནས་ལོ་གཉིས་ལ་དཔལ་ལྡན་སྟོད་བརྒྱུད་གྲྭ་ཚང་དུ་སྔགས་ཀྱི་སློབ་གཉེར་གནང་སྟེ་དགེ་བཤེས་སྔགས་རམས་པའི་མཚན་བཏགས་རྟགས་བཞེས། ཧི་མ་ཅལ་ཁུལ་གྱི་སྤྱི་ཏེ་ཏ་པོ་གསེར་ཀོང་སློབ་གྲྭར་ལོ་གཉིས་རིང་དགེ་རྒན་དང་ལོ་གཉིས་ལ་ལྡེ་ར་ལྡུན་དོན་གྲུབ་གླིང་སློབ་གྲྭར་ལྟ་གྲུབ་སློབ་དཔོན་བཅས་ཀྱི་ཐུགས་འགན་བཞེས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG