ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

རྒྱ་ནག་གིས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཞེས་པར་བསྐྱར་བཅོས་གཏན་འབེབས།


བདེ་འཇགས་ཀྱི་བརྙན་མིག་ལ་བཙན་འཛུལ་བྱས་པ།
བདེ་འཇགས་ཀྱི་བརྙན་མིག་ལ་བཙན་འཛུལ་བྱས་པ།

རྒྱ་ནག་གཞུང་གིས་ན་ནིང་ལོར་གསང་མྱུལ་འགོག་པའི་ཁྲིམས་ལུགས་ཞེས་པ་ལག་བསྟར་བྱས་པའི་རྗེས་སུ། ད་ཆ་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཞེས་པར་བསྐྱར་བཅོས་ཀྱིས་གཏན་འབེབས་བྱས་ཏེ། རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བའི་ལས་དོན་ཁག་ལ་དམ་དྲག་དང་ཤུགས་སྣོན་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད་འདུག

རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆེན་ཞེས་པ་དེས་སྤྱི་ཟླ་༢ པའི་ཚེས་༢༧ ཉིན་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཞེས་པར་བསྐྱར་བཅོས་ཀྱིས་གཏན་འབེབས་བྱས་ཡོད་པ་དང་། རྒྱ་ནག་དམར་ཤོག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་དེར་མིང་རྟགས་བཀོད་རྗེས་རིང་མིན་སྤྱི་ཟླ་༥ པའི་ཚེས་༡ ཉིན་ལ་དངོས་སུ་ལག་ལེན་བསྟར་རྒྱུ་རེད་འདུག

ཁྲིམས་ལུགས་དེའི་ནང་འཁོད་པའི་ལས་དོན་ཁྲོད་ཀྱི་གསང་བ་ཞེས་པའི་ཐ་སྙད་གསར་པ་དེ་ལ་མི་ཚོས་དོ་སྣང་མང་པོ་སླེབས་བཞིན་པ་དང་། ཁྲིམས་ལུགས་དེ་ལག་བསྟར་བྱས་པ་ཡིན་ན་འབྱུང་འགྱུར་རྒྱ་ནག་ཏུ་ཆ་འཕྲིན་དམ་དྲག་གི་ཤུགས་ཇེ་ཆེར་གཏང་རྒྱུ་ཡིན་པར་མ་ཟད། རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་བྱེད་མཁན་གྱི་ཕྱི་རྒྱལ་ཚོང་པ་ཚོ་ལ་ཤུགས་རྐྱེན་དང་འགྲན་སློང་ཆེན་པོ་འཕྲད་འཇུག་སྲིད་པ་རེད་འདུག

ཧྲང་ཧའེ་ཁྲོམ་ལམ་དུ་བཙུགས་པའི་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་བྱང་བུ་ཞིག་བཀལ་ཡོད།
ཧྲང་ཧའེ་ཁྲོམ་ལམ་དུ་བཙུགས་པའི་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་བྱང་བུ་ཞིག་བཀལ་ཡོད།

རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་ཚེས་༢༨ ཉིན་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ལས་ཁུངས་ཀྱི་གནད་ཡོད་མི་སྣའི་སྐད་ཆ་ལུང་དྲངས་ནས་གནས་ཚུལ་སྤེལ་གསལ་ལ། ད་ལན་ཁྲིམས་ལུགས་དེ་ལ་བསྐྱར་བཅོས་བྱས་དགོས་དོན་གཙོ་བོ་ནི། དུས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་ལ་དཔག་ནས། འཕྲུལ་རིག་ལག་རྩལ་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པའི་སྐབས་ལ་རྒྱལ་ཁབ་གྱི་གསང་བ་སྲུང་སྐྱོབ་ལས་དོན་ལ་གནད་དོན་གསར་པ་དང་འགྲན་སློང་གསར་པ་སོགས་ལ་གདོང་ལེན་ཆེད་དུ་ཡིན་ཞིང་། གཞི་གྲངས་དང་འཕྲུལ་རིག བཅོས་རིག་སྐོར་གྱི་ལག་རྩལ་མང་དག་ཅིག་གསར་གཏོད་བྱེད་བཞིན་པའི་དུས་རབས་འདིར། ཁྲིམས་ལུགས་དེའི་ནང་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ལེགས་པོ་བྱེད་མཁན་གྱི་མི་སྒེར་དང་རྩ་འཛུགས་ཁག་ལ་ཁྲིམས་ལུགས་གཞི་བཟུང་གིས་བྱ་དགའ་སྤྲད་རྒྱུུ་ཡིན་པ་སོགས་དོན་ཚན་ཁ་སྣོན་བྱས་ཡོད་ལུགས་བརྗོད་འདུག དེ་བཞིན་ཁྲིམས་ལུགས་དེའི་ལྟ་སྐུལ་གྱི་ཁྱབ་ཁོངས་དེ་རྒྱལ་ཁབ་ཀྱི་གསང་བ་ནས་སྒེར་སོ་སོའི་ལས་དོན་གྱི་གསང་བ་ལ་ཁྱབ་ཡོད་པར་མ་ཟད། གསང་བའི་ལས་རིགས་གཉེར་མཁན་གྱི་ལས་མི་ཚོས་ལས་གནས་བརྗེ་རེས་དང་། ཡང་ན་ཕྱི་རྒྱལ་ཁག་ཏུ་འགྲོ་རྒྱུར་དམ་དྲག་ནན་མོ་བྱ་རྒྱུ་ཡིན་པ་རེད། སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་གསང་བ་སྐོར་གྱི་ཁྲིམས་ལུགས་དེ་ཁ་གསལ་མེད་པ་གང་ཞིག་ལ་དོད་ནན་པོ་ཡོད་པ་ཞིག་ཆགས་ཡོད་སྟབས། དེས་མི་ཚོ་ལ་འཇིགས་སྣང་དང་གནོན་ཤུགས་ཆེ་རུ་འགྲོ་འཇུག་གི་ཡོད་པ་རེད།

ཐེ་ཝན་རིག་མཛོད་ཀྱི་རྒྱ་ནག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཝུ་སེ་ཀྲིང་གིས་བརྗོད་དོན་དུ། དེ་སྔར་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་རྒྱབ་ལྗོངས་འོག ཕྱིའི་རྒྱལ་ཁབ་ཁག་གི་ཚོང་པ་འགུག་ཐབས་ཆེད་དུ་༡༩༨༨ ལོར་རྒྱ་ནག་གིས་ཐོག་མར་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པ་དང་། དེ་ནས་༢༠༡༠ ལོར་རྒྱ་ནག་དེ་རིམ་བཞིན་སྟོབས་ཤུགས་ཡར་རྒྱས་ཕྱིན་ནས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་ཇེ་ཆེར་འགྲོ་བ་དང་བསྟུན་ནས་གོང་འཁོད་ཁྲིམས་ལུགས་དེ་ལ་བསྐྱར་བཅོས་ཐོག་མར་བྱས་ཏེ། སྐབས་དེར་རྒྱ་ནག་གི་དྲ་རྒྱ་དང་གློག་འཕྲིན་ལས་ཁུངས་སོགས་ནས་ཉེན་རྟོག་པ་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་མཉམ་ལས་བྱས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་མཁན་ཚོ་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།

འོན་ཏེ་ད་ལན་བསྐྱར་བཅོས་ཐེངས་༢ པ་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཕྱིན་པ་དང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་རྒྱ་ནག་གི་མཚན་སྙན་ཉམས་རྒུད་འགྲོ་བཞིན་པའི་སྐབས་ལ་འཁེལ་བ་ཞིག་ཡིན་ཕྱིར། ཞི་ཅིན་ཕིང་གིས་གཙོ་བོ་ཁྲིམས་ལུགས་དེར་བརྟེན་ནས་རྒྱ་ནག་གི་མི་དམངས་ཚོ་ལ་ཕྱིའི་རྒྱལ་ཁབ་ཀྱི་ཚོང་པ་ཇེ་ཉུང་འགྲོ་བཞིན་པ་དེ་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་བའི་རྟགས་མཚན་མིན་པར། དེ་ལས་ལྡོག་སྟེ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ཐོགས་ཆེ་བ་ཡོད་པའི་སྣང་བ་ཞིག་སྤྲད་འདོད་ཡོད་པ་ཞིག་ཡིན་ཡང་། དེང་སྐབས་རྒྱ་ནག་ནང་ཁྲིམས་སྐྱོང་གི་ཁོར་ཡུག་དེས་ཕྱི་རྒྱལ་གྱི་ཚོང་པ་ལ་གུ་ཡངས་མིན་པ་དང་རྒྱ་ནག་གི་དཔལ་འབྱོར་གྱི་ཁ་ཕྱོགས་དེ་ཡང་རིམ་བཞིན་ཁ་ནང་ལ་འཁོར་ནས་རྒྱལ་ཁབ་ནང་ཁུལ་གྱི་འགྲན་རྩོད་ངན་པ་དེ་ཆེ་རུ་འགྲོ་བཞིན་པ་རེད།

ཧྲང་ཧའེ་ཧོང་ཕུའུ་གཙང་འགྲམ་གྱི་རྡོ་སེང་གེ་ཞིག་དང་བདེ་སྲུང་བ་ཞིག
ཧྲང་ཧའེ་ཧོང་ཕུའུ་གཙང་འགྲམ་གྱི་རྡོ་སེང་གེ་ཞིག་དང་བདེ་སྲུང་བ་ཞིག

ཐེངས་འདིར་ཁྲིམས་ལུགས་བསྐྱར་བཅོས་ཀྱི་བྱེད་སྟངས་དེ་ནི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་རྒྱལ་ཁབ་བདེ་འཇགས་ལ་དོ་སྣང་ཆེན་པོ་སྤྲོད་བཞིན་ཡོད་པའི་དཔེ་མཚོན་གསར་ཤོས་ཤིག་ཆགས་ཡོད་ཅིང་། འདས་པའི་ལོ་ཤས་རིང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་གཞི་གྲངས་མཉམ་སྤྱོད་སྐོར་གྱི་ཁྲིམས་ལུགས་ལ་ཤུགས་སྣོན་བརྒྱབ་ཡོད་པ་དང་དུས་མཚུངས་སུ། ཚོང་ལས་ལ་ཁ་གཡར་ནས་རྒྱ་ནག་ཏུ་གསང་མྱུལ་གྱི་ལས་འགུལ་འདྲ་མིན་སྤེལ་མཁན་ཚོ་ལ་ཉེན་བརྡ་རིམ་པར་བཏང་བ་དང་། ལྷག་པར་དུ་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་དེས་ཕྱི་རྒྱལ་གྱི་ཚོང་པ་དང་མ་རྩ་བ་ཚོ་ལ་བློ་མི་བདེ་བ་ཆགས་བཅུག་ཡོད་ཅིང་། རྒྱ་ནག་གི་ཕྱིའི་རྒྱལ་ཁབ་ཁག་ནང་མ་རྩ་འཛུགས་འཇོག་གི་ཚད་དེ་ཡང་འདས་པའི་མི་ལོ་༣༠ རིང་ཚད་དམའ་ཤོས་ལ་སླེབས་ཡོད་པའི་སྐབས་དེར་ཁྲིམས་ལུགས་དེ་འདྲ་ལག་ལེན་བསྟར་བ་ཡིན་ན་རྒྱ་ནག་གི་དཀའ་ངལ་དེ་ཆེ་རུ་གཏང་སྲིད་པ་རེད་འདུག

རྒྱ་ནག་གི་ཡུ་རོབ་མནའ་འབྲེལ་གྱི་ཚོང་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡེན་སི་ཨེ་སི་ཁེ་ལོན་ཊི་ཡིས། རྒྱ་ནག་ནང་ཚོར་བ་སྐྱེན་པོ་ཡིན་པའི་ཁྱབ་ཁོངས་དེ་རྒྱ་ཆེ་རུ་འགྲོ་བཞིན་པ་དང་དེས་རྒྱལ་སྤྱིའི་ཁེ་ལས་པ་ཚོ་ལ་རྒྱ་ནག་ཏུ་མ་རྩ་འཛུགས་འཇོག་གི་ཐག་གཅོད་ལ་དགོས་ངེས་ཀྱི་ཆ་འཕྲིན་རྙེད་ཐབས་དཀའ་མོ་ཆགས་བཅུག་འདུག་ཅེས་བརྗོད་འདུག

གཞན་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས་རྒྱ་ནག་གཞུང་འབྲེལ་གསར་ཁང་ལ་བརྗོད་དོན་ལ། འཕྲུལ་རིག་ལག་རྩལ་ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་དེས་གསང་བའི་ལས་དོན་ལ་གནད་དོན་དང་འགྲན་སློང་མང་དག་ཅིག་འཕྲད་བཅུག་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་གོང་འཁོད་ཁྲིམས་ལུགས་དེ་བསྐྱར་བཅོས་བྱ་རྒྱུ་དེ་དགོས་ངེས་ཤིག་ལ་བརྩིས་ཏེ། ན་ནིང་ལོར་ཡང་གསང་མྱུལ་ལ་འགོག་རྒོལ་གྱི་ཁྲིམས་ལུགས་བསྐྱར་བཅོས་བྱས་ནས་གསང་མྱུལ་གྱི་ལས་འགུལ་ཁྱབ་ཁོངས་ལ་གོ་དོན་གསར་པ་ཞིག་གཏན་འཁེལ་བྱས་ཡོད་པ་ལྟར། གལ་སྲིད་ཡིག་ཆ་དང་གཞི་གྲངས། རྒྱུ་ཆ་དང་དངོས་ཟོག་སོགས་གཞན་ལ་མཁོ་སྤྲོད་དང་བརྒྱུད་སྤེལ་བྱས་ནས་རྒྱལ་ཁབ་གྱི་བདེ་འཇགས་ལ་གནོད་བསྐྱལ་བ་ཡིན་ན། དེ་ནི་གསང་མྱུལ་གྱི་ལས་ཀ་ལ་བརྩི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད་ཅེས་བརྗོད་འདུག

གླེང་སྟེགས།

XS
SM
MD
LG