ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་གཏོར་རྒོལ་པ་ཡུ་གུར་པ་རེད་ཟེར།


༄༅།། ཕྱི་ཟླ་༡༠་ཚེས་༢༨་ཉིན་རྒྱ་ནག་གི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་ལ་རླངས་འཁོར་ཞིག་གིས་རྡུང་ག་བརྒྱབ་སྟེ། སྐབས་དེར་མོ་ཊའི་ནང་དུ་ཡོད་པའི་མི་གསུམ་དང་ཕྱི་ལོགས་ཀྱི་གཡས་གཡོན་དུ་ཡོད་པའི་མི་གཉིས་བཅས་ཁྱོན་བསྡོམས་མི་༥་ལ་སྲོག་སྐྱོན་དང་མི་གཞན་པ་༣༨་ལ་རྨས་སྐྱོན་ཕོག་ཀྱང་། ད་བར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་ལ་རླངས་འཁོར་གྱིས་རྡུང་ག་རྒྱག་མཁན་སུ་ཡིན་དང་། རླངས་འཁོར་ཁ་ལོ་བའི་རོགས་པ་དེ་ཚོ་མི་སུ་སུ་ཡིན་མིན། ཁོ་ཚོས་མའོ་ཙེ་ཏུང་གི་འདྲ་པར་བཀལ་ཡོད་སའི་གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་གི་ཉེ་འཁྲིས་སུ་མོ་ཊས་རྡུང་ག་རྒྱག་དགོས་དོན་ཅི་ཡིན་གྱི་གནས་ཚུལ་གསལ་བོ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད། ཡིན་ནའང་དེ་རིང་ཕྱི་ཟླ་༡༠་ཚེས་༣༠་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་ལ་མོ་ཊས་རྡུང་ག་རྒྱག་མཁན་རྣམས་རླངས་འཁོར་ཁ་ལོ་བ་དང་ཁོའི་ཆུང་མ། ཨ་མ་བཅས་ཡིན་ཞིང་། གནམ་བདེ་སྒོ་མོ་ཆེའི་རྩིག་གྱང་ལ་གཏོར་རྒོལ་བྱུང་ནས་དུས་ཡུན་ཆུ་ཚོད་བཅུའི་རྗེས་སུ་རྒྱ་ནག་གི་ཉེན་རྟོག་པ་ཚོས་དོགས་གཞི་ཅན་གྱི་མི་༥་འཛིན་བཟུང་བྱས་པ་ཡིན། ད་ཐེངས་ཀྱི་གཏོར་རྒོལ་དེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཞིག་ཡིན་པ་དང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་རླངས་འཁོར་དེའི་ནང་དུ་གྲི་དང་ལྕགས་རིང་། རླངས་སྣུམ་དང་ཆོས་ལུགས་ཀྱི་འབོད་ཚིག་འཁོད་པའི་དར་ཆ་བཅས་ཅ་ལག་ཁག་ཅིག་རྙེད་པ་དང་། རླངས་འཁོར་ནང་དུ་ཤི་བའི་མི་གསུམ་པོ་དང་གཏོར་རྒོལ་དེར་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་གཞི་ཅན་རྣམས་ཞིན་ཅང་གི་ཡུ་གུར་པ་རེད། ད་དུང་ཡང་གཏོར་རྒོལ་དེར་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་གཞི་ཅན་གཞན་པ་༨་ཀྱང་རྩད་གཅོད་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེ་རིང་གཟའ་ལྷག་པའི་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་པེ་ཅིང་ནས་གནས་ཚུལ་སྤེལ་པ་ལྟར་ན། ཞིན་ཅང་གི་ཁ་ར་མཱེ་གྲོང་ཁྱེར་སྲིད་གཞུང་གིས་པེ་ཅིང་ལ་སྒོ་ཕྱེ་ཡོད་པའི་མགྲོན་ཁང་དེར་ཡུ་གུར་པ་མང་པོ་ཞིག་སྡོད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་མགྲོན་ཁང་དེའི་ལས་བྱེད་པ་ཚོར་མི་༨་ཀྱི་མིང་ཐོ་སྤྲད་ནས་ཁོ་ཚོ་མགྲོན་ཁང་ལ་ཡོང་ན་འཕྲལ་དུ་ཉེན་རྟོག་པར་བརྡ་རྒྱག་དགོས་ཞེས་བཀའ་བཏང་ཡོད་པ་མ་ཟད། པེ་ཅིང་གི་མགྲོན་ཁང་ཕལ་ཆེ་བར་ཞིན་ཅང་གི་ཡུ་གུར་པ་སུ་ཞིག་ཡོང་རུང་དོགས་ཟོན་ནན་པོ་བྱེད་དགོས་པའི་བརྡ་ཁྱབ་བཏང་ཡོད་ཚུལ་དང་། ཉམས་ཞིབ་པ་ཚོས་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཏུའང་ཞིན་ཅང་གི་ཡུ་གུར་པ་ཚོར་སྔར་ལས་ལྷག་པའི་སྡང་ཟུག་ཆེ་རུ་སོང་སྟེ། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞིན་ཅང་གི་ཡུ་གུར་པ་ཚོས་གདུང་རྩུབ་དྲག་པོ་མྱོང་གི་ཡོད་པ་སྡུག་ཏུ་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG