ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཟེར་བ་ཞིག་མེད་ཟེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་རང་བཙན་ལ་ངོས་ལེན་བྱས་མིན་དང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་མེད་ལ་མ་ལྟོས་པར་༡༩༤༩་ནས་ཐེ་ཝན་གྱི་ས་ཐོག་ཏུ་ཀྲུང་ཧྭ་མིན་གོའམ། རྒྱ་ནག་མི་སེར་རྒྱལ་ཁབ་དངོས་སུ་ཚུགས་ནས་ཁྲིམས་མགོ་རང་བཙན་དུ་གནས་ཡོད་ཅིང་། འཛམ་གླིང་རྒྱལ་ཁབ་༢༠་མ་ཟིན་ཙམ་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ནས་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་འཛམ་གླིང་འདིར་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཟེར་བ་ཞིག་ཁས་ལེན་མེད། ཐེ་ཝན་ནི་རྒྱ་ནག་ལ་ངོ་ལོག་པའི་ཞིང་ཆེན་ཞིག་རེད་ཅེས་གཏམ་བཤད་བྱས་པར་ཐེ་ཝན་གྱི་སྲིད་དོན་ཚོགས་པ་གཉིས་ཀྱི་མི་སྣ་ཚོས་སྐྱོན་བརྗོད་དང་དགག་པ་དྲག་པོ་བརྒྱབ་བྱས་འདུག

ཉེ་ཆར་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མ་ཞོ་ཀོང་གིས་གསར་འགོད་ལྷན་ཚོགས་ཤིག་ཐོག་ཏུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཟེར་བ་ཞིག་ཡོད་མེད་ནི་རྒྱལ་སྤྱིའི་ཐོག་ཏུ་ངོས་འཛིན་བྱེད་ཕྱོགས་ལ་བལྟ་དགོས་ཞེས་བཤད། ཐེ་ཝན་པ་ཚོས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཡོད་པའི་རྐྱེན་གྱིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་བའི་གྲོས་མོལ་བྱེད་ན་ཕན་ཐོགས་ཡོད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད་ཅེས་དགག་པ་བརྒྱབ། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པའི་ཚོགས་གཙོ་ཅང་ཆིས་ཁྲིན་ལ་བཅར་འདྲི་ཞུས་པའི་སྐབས་སུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དངོས་སུ་ཡོད་པ་ནི་བསྙོན་དུ་མེད་པའི་དངོས་ཡོད་གནས་ཚུལ་ཞིག་ཏུ་གྱུར་ཡོད། ད་ལྟ་ང་ཚོར་དངོས་སུ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་བཅོ་ལྔ་ཡོད་པར་མ་ཟད། རྒྱལ་སྤྱིའི་སྟེང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་འབྲེལ་བ་དམ་ཟབ་ཚུགས་ཡོད། ཐེ་ཝན་གྱི་ས་ཐོག་ཏུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཡོད་པའི་སྟབས་ཀྱིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཟེར་གྱི་ཡོད་པ་རེད། ད་ལྟ་མཚོ་འགག་ཕྱོགས་གཉིས་ཀ་བདག་དབང་གི་ཐད་དུ་ལྟ་ཚུལ་མི་མཐུན་པ་དང་ཁས་ལེན་བྱེད་ཀྱི་མེད་པའང་དངོས་ཡོད་གནས་ཚུལ་ཞིག་རེད། ༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་ཐུན་མོང་གི་རྩ་འཛིན་གྲོས་མཐུན་བྱུང་ཡོད། ཐུན་མོང་གི་རྩ་འཛིན་གྲོས་མཐུན་དེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་རྩར་བཟུང་ནས་བྱུང་བ་ཞིག་རེད་ཅེས་བཀྲལ།།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མ་འོངས་པར་རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་དེ་ཧོང་ཀོང་གི་སློབ་དེབ་ནང་དུ་འགོད་དགོས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་རྒྱ་ནག་གོ་མིན་ཏང་ཞེས་བསྒྱུར་དགོས་པའི་བསམ་ཚུལ་བཏོན། ཉེ་ཆར་གྱི་གསར་འགོད་ལྷན་ཚོགས་སྟེང་དུ་མ་ཞོ་ཀོང་ལ་ཐེ་ཝན་གྱི་ས་ཐོག་ཏུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཡོད་པ་ཁས་ལེན་མེད་ཚེ། མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་བཞིན་པར་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས། ཁོ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་སོགས་རྒྱལ་སྤྱིའི་གནས་སྟངས་ཡོངས་ལ་བལྟས་ན་ཤེས་ཐུབ། མི་སྒེར་པར་སྒེར་གྱི་ལྟ་ཚུལ་ཡོད་ཆོག་ཀྱང་དངོས་ཡོད་གནས་ཚུལ་དེ་སྒེར་གྱི་ལྟ་ཚུལ་ལ་བརྟེན་ནས་འགྱུར་དགོས་པ་ཞིག་མ་རེད་ཅེས་ལན་བཏབ།།

ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ལེ་རུའི་ལུང་གིས་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་རྟག་ཏུ་༡༩༩༢་ལོའི་ཐུན་མོང་གི་རྩ་འཛིན་གྲོས་མཐུན་གླེང་སློང་བྱེད་ཀྱི་འདུག ད་ལྟ་ཧོང་ཀོང་གི་སློབ་དེབ་ནང་དུ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནག་སུབ་བཏང་སྟེ་༡༩༤༩་ལོ་ནས་གོ་མིན་ཏང་གིས་རྒྱ་ནག་གི་སྲིད་དབང་འཛིན་པའི་ཁྲིམས་མཐུན་གྱི་གོ་གནས་ཤོར་བ་རེད་ཅེས་བརྗོད་བཞིན་པ་ནི་དོན་དངོས་སུ་༡༩༩༢་ལོའི་ཐུན་མོང་གི་རྩ་འཛིན་གྲོས་མཐུན་གླེང་སྟེ་རྒྱ་ནག་གོ་མིན་ཏང་ལ་ཁ་གཏད་བཅག་པ་ཞིག་རེད་ཅེས་བཤད།།

ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་མི་ཧྥན་ཡོན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་༡༩༤༨་ལོར་ཐེ་ཝན་དུ་སྤོར་བ་ནས་བཟུང་སྟེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད། ང་ཚོར་བདག་དབང་དང་མངའ་ཁོངས། སྲིད་གཞུང་དང་རྒྱལ་སྲུང་བདེ་འཇགས་སོགས་ཀྱི་སྟོབས་ཤུགས་ཆ་ཚང་ཡོད། ང་ཚོར་རྒྱ་ནག་ལ་མེད་པའི་དམངས་གཙོའི་ལམ་ལུགས་ཤིག་དར་ཡོད། རྒྱལ་ཁབ་གཞན་ལ་ཕྱི་འབྲེལ་བཙུགས་ཡོད་པ་དང་མཐུན་གྲོགས་རྒྱལ་ཁབ་ཀྱང་ཡོད། ཞིས་ཅིན་ཕིང་རྒྱ་ནག་གི་གཙོ་འཛིན་ལ་བསྐོ་བཞག་བྱས་པའི་གཞུག་ཏུ་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་ཀྱིས་ཐུན་མོང་གི་རྩ་འཛིན་གྲོས་མཐུན་ཞིག་པ་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་ཐེ་ཝན་དང་རྒྱ་ནག་གཅིག་གྱུར་བྱ་དགོས་ཟེར་གྱི་འདུག་ འདི་ནི་ཐེ་ཝན་མི་དམངས་ཀྱིས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཞིང་། དམངས་གཙོའི་ལམ་ལུགས་འོག་ཏུ་ཡོད་པའི་ཐེ་ཝན་མཚོ་གླིང་གིས་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་གཅིག་གི་ལམ་ལུགས་ལ་ངོས་ལེན་ཇི་ལྟར་བྱེད་ཐུབ་ཅེས་དྲིས།།

ཁོང་གིས་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་སྔ་རྗེས་སུ་༡༩༩༢་ལོའི་ཐུན་མོང་གི་རྩ་འཛིན་གྲོས་མཐུན་དང་རྒྱ་ནག་གཅིག་གི་རྩ་དོན་རྨང་གཞིར་བཟུང་ནས་ཐེ་ཝན་ལ་གྲོས་མོལ་བྱ་རྒྱུའི་རེ་བ་འཆང་གི་ཡོད་མོད། འོན་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་མཚོ་གླིང་དེའི་སྲིད་འཛིན་ལ་འོས་འདེམས་བྱུང་བའི་རྗེས་སུ་༡༩༩༢་ལོའི་ཐུན་མོང་གི་རྩ་འཛིན་གྲོས་མཐུན་དང་རྒྱ་ནག་གཅིག་གི་རྩ་དོན་ཏེ། འཛམ་གླིང་འདིར་རྒྱ་ནག་རྒྱལ་ཁབ་གཅིག་ལས་མེད་པ། ཐེ་ཝན་དང་རྒྱ་ནག་གཉིས་ཀ་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་སོགས་ཁས་ལེན་བྱེད་ཀྱི་མེད་པ་རེད་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG