ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་ལོག་བྱ་དགོས་ཟེར།


༄༅།། རྒྱ་ནག་གཞུང་གིས་པེ་ཅིང་དུ་བཅའ་སྡོད་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་ལོག་བྱ་དགོས། ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པའང་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བརྡ་བརྒྱབ། ཕྱི་ཟླ་༨་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་དེ་ལྟར་ཐག་གཅོད་བྱས་པའི་རྒྱུ་མཚན་ནི་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་བཀོད་པའི་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་དུ་འཇུག་གི་ཡོད་པར་ངོ་རྒོལ་བྱེད་པའི་ཆེད་དུ་ཡིན་འདུག པེ་ཅིང་གི་དབང་འཛིན་པ་ཚོས་དམངས་གཙོའི་ལམ་ལུགས་དར་བའི་ཐེ་ཝན་མཚོ་གླིང་ནི་རྒྱ་ནག་གི་མངའ་ཁོངས་ཡིན། ཐེ་ཝན་དང་སྐམ་ས་ཆེན་མོ་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་ཞེས་བསྒྲགས་ཏེ་རྒྱལ་ཁབ་གང་ཞིག་གིས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་མིན་པར་རྒྱལ་ཁབ་ཐ་དད་ཅིག་ལ་ངོས་ལེན་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་ཚེ། རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་དེར་ངོ་རྒོལ་དྲག་པོ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་གཏོང་བ་དང་གཞུང་ཚབ་པ་ཕྱིར་འཐེན་ཕྱིར་སློག་བྱ་རྒྱུ་ཆོས་ཉིད་དུ་གྱུར། ཟླ་བ་སྔོན་མར་ཐེ་ཝན་གཞུང་གིས་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་སར་སྐུ་ཚབ་དོན་གཅོད་ཁང་གསར་པ་ཞིག་སྒོ་འབྱེད་ཀྱི་ཡོད། དོན་གཅོད་ཁང་གི་སྒོ་བྱང་ལ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་འགོད་རྒྱུའི་གནས་ཚུལ་སྤེལ། འདི་ནི་ཡུ་རོབ་གླིང་གི་ས་ཐོག་ཏུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་བཀོད་ནས་ལས་ཁུངས་བཙུགས་པ་ཐོག་མ་དེར་འགྱུར་གྱི་ཡོད་ཅིང་། ལོ་འདིར་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་ཀྱང་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཚོང་དོན་ལས་ཁུངས་ཤིག་སྒོ་འབྱེད་རྒྱུའི་གྲོས་མཐུན་བྱུང་།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་རྒྱ་ནག་གི་འབོད་སྐུལ་ཁག་ལ་བརྩི་མེད་བཏང་བར་མ་ཟད། རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལའང་རྩིས་མེད་བཏང་སྟེ་ཐེ་ཝན་ལ་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་དུ་འཇུག་གི་འདུག རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན་བྱ་རྒྱུ་ཡིན། ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་པེ་ཅིང་དུ་བཅའ་སྡོད་གཞུང་ཚབ་པ་ཕྱིར་འཐེན་བྱ་དགོས། ད་དུང་ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་ནོར་འཁྲུལ་གྱི་ཐག་གཅོད་ཅིག་བྱས་པར་འཕྲལ་དུ་ཡོ་བསྲང་བྱ་དགོས། ལུ་ཐུ་ཝྭེ་ཎི་ཡ་ལམ་ཕྱོགས་ནོར་པ་དེར་མདུན་སྐྱོད་མི་བྱེད་པའི་རེ་བ་ཡོད་ཅེས་ངར་སྐད་བསྒྲགས། དེ་རིང་གཟའ་མིག་དམར་ཉིན་ལུ་ཐུ་ཝྭེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་རྒྱ་ནག་གི་ཐག་གཅོད་དེ་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ང་ཚོས་གོམ་སྟབས་རྗེས་མ་དེ་ཇི་ལྟར་སྤོ་དགོས་མིན་བསམ་ཞིབ་བྱེད་བཞིན་ཡོད། ང་ཚོར་རྒྱ་ནག་གི་གོ་བརྡ་སྤྲད་པ་ཤེས་རྟོགས་བྱུང་སོང་། ཡིན་ནའང་ལུ་ཐུ་ཝྭེ་ཎི་ཡས་རང་གི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཅིའི་ཕྱིར་ཞེ་ན་འདི་ནི་ལུ་ཐུ་ཝྭེ་ཎི་ཡ་གཅིག་པུའི་སྲིད་ཇུས་ཤིག་མིན་པར་ཡུ་རོབ་རྒྱལ་ཁབ་ཁག་གི་སྲིད་ཇུས་ཤིག་རེད་ཅེས་བཀྲལ། ༢༠༢༡་གི་མགོ་སྟོད་དེར་ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་ཐེ་ཝན་གྱི་ས་ཐོག་ཏུ་ཚོང་དོན་ལས་ཁུངས་འཛུགས་འཆར་ཡོད། ཐེ་ཝན་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་༢༠༠༠༠་ཞལ་འདེབས་སྤྲད་པ་ཡིན་ཞེས་བགསལ་སྒྲགས་སྤེལ། ལི་ཐུ་ཝྭེ་ཎི་ཡ་ནི་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཅིག་ཡིན་པ་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཕལ་མོ་ཆེར་ཐེ་ཝན་གྱི་ཚོང་དོན་ལས་ཁུངས་དང་རིག་གཞུང་ལས་ཁུངས། ཐེ་ཝན་གྱི་ཚོང་དོན་དང་རིག་གཞུང་ལས་ཁུངས་ཞེས་སྒོ་བྱང་འདྲ་མིན་ཞིག་བྲིས་ནས་སྐུ་ཚབ་དོན་གཅོད་ཁང་རྣམས་སྒོ་ཕྱེ་སྟེ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་ཚུགས།།

དེང་སྐབས་འཛམ་གླིང་འདིར་ཐེ་ཝན་ལ་དངོས་སུ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༥་ལས་མེད་ཀྱང་ཐེ་ཝན་གཞུང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཚོང་དོན་ལས་ཁུངས་དང་དོན་གཅོད་ཁང་འཛུགས་རྒྱུ་ཇེ་མང་དུ་སོང་། ལོ་འདིའི་ཕྱི་ཟླ་༢་པར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གྷུ་ཡ་ནར་ཐེ་ཝན་གྱི་སྐུ་ཚབ་གཅོད་དོན་ཁང་ཞིག་སྒོ་འབྱེད་རྒྱུའི་ཐག་གཅོད་བྱུང་། ཕྱི་ཉིན་དེར་གྷུ་ཡ་ནའི་གཞུང་གིས་ཐེ་ཝན་གྱི་དོན་གཅོད་ཁང་འཛུགས་རྒྱུའི་གྲོས་མཐུན་ཕྱིར་འཐེན་བྱས་པ་དང་ཐེ་ཝན་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་གྷུ་ཡ་ནའི་གཞུང་གིས་ཐེ་ཝན་གྱི་དོན་གཅོད་ཁང་འཛུགས་རྒྱུའི་གྲོས་མཐུན་ཕྱིར་འཐེན་བྱ་དགོས་བྱུང་བ་རེད། རྒྱ་ནག་གིས་རྒྱལ་ཁབ་ཉམ་ཆུང་ཁག་ལ་ཐུབ་ཚོད་དང་དབང་ཡོད་བཤད་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། འདས་པའི་ལོ་ཤས་ཤིག་ནས་ལི་ཐུ་ཝྭེ་ཎི་ཡ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད། ཐེ་ཝན་སླར་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་དུ་འཇུག་དགོས་ཞེས་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ལུ་ཐུ་ཝྭེ་ཎི་ཡ་ཡིན་ཞིང་། ལུ་ཐུ་ཝྭེ་ཎི་ཡའི་གཞུང་འབྲེལ་མི་སྣ་ཚོས་ང་ཚོ་རྒྱ་ནག་གིས་དབུས་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་༡༨་ལ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་ཞིག་གཉེར་གྱི་ཡོད་པ་དེའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་རྒྱ་ནག་གི་འཛུགས་སྐྲུན་ལས་གཞི་ཁག་གིས་ལུ་ཐུ་ཝྭེ་ཎི་ཡར་ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན་ཐོབ་མ་སོང་། ང་ཚོ་རྒྱལ་ཁབ་༡༨་ཀྱི་ཚོགས་ཁོངས་དེར་ཞུགས་པ་ནི་རྒྱ་ནག་གི་ཁྲོམ་རའི་ནང་དུ་འཛུལ་ཞུགས་ཐུབ་པའི་རེ་ལྟོས་འཆང་བ་ཡིན། ཧ་ཅང་ཕངས་པ་ཞིག་ལ་རྒྱ་ནག་གི་ཁྲོམ་ར་ཁག་ལི་ཐུ་ཝྭེ་ཎི་ཡར་སྒོ་འབྱེད་ཀྱི་མེད་པ་དང་ང་ཚོའི་དངོས་ཟོག་ཉུང་ཤས་ཤིག་མ་གཏོགས་རྒྱ་ནག་གིས་ནང་འདྲེན་བྱེད་ཀྱི་མི་འདུག རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་དངོས་ཟོག་ཕྱིར་ཚོང་བྱ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བསྟན།།

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༩་ལོར་རྒྱ་ནག་དང་ལི་ཐུ་ཝྭེ་ཎི་ཡ་གཉིས་ཀྱི་ཚོང་ལས་ནི་ཨ་སྒོར་དུང་ཕྱུར་༡༣་དང་ཕྱེད་ཀ་ཟིན། རྒྱ་ནག་ལི་ཐུ་ཝྭེ་ཎི་ཡའི་དངོས་ཟོག་ཕྱིར་ཚོང་བྱ་ཡུལ་རྒྱལ་ཁབ་ཨང་༢༢་པ་དེ་ཡིན་མོད། འོན་ཀྱང་རྒྱ་ནག་ལི་ཐུ་ཝྭེ་ཎི་ཡས་དངོས་ཟོག་ནང་འདྲེན་བྱ་ཡུལ་རྒྱལ་ཁབ་ཨང་༡༠་པ་དེར་གྱུར། རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་དབུས་ཡུ་རོབ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་ཝེ་དབྱི་ཝེས་བཤད་པ་ལྟར་ན། རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་བཅའ་སྡོད་གཞུང་ཚབ་པ་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་དེར་ཁོང་ཁྲོའི་རྣམ་འགྱུར་བསྟན་པ་ཙམ་ག་ལ་ཡིན། གལ་སྲིད་རྒྱ་ནག་གི་རྩ་དོན་ལ་འགལ་འཛོལ་བྱུང་ན་དབུས་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ཁག་ལའང་དཔལ་འབྱོར་གྱི་ཁེ་ཕན་གཅོད་རྒྱུའི་ཉེན་བརྡ་བཏང་བ་མཚོན་ཐུབ། ལི་ཐུ་ཝྭེ་ཎི་ཡས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ན་རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་ཕྱི་འབྲེལ་གཅོད་དགོས་ངེས་སུ་འགྱུར་རྒྱུ་རེད་ཅེས་བཤད། ༡༩༩༥་ལོར་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་ཨ་མི་རི་ཀར་ཕེབས་པའི་སྐབས་དེར་རྒྱ་ནག་གིས་ཝ་ཤིང་ཊོན་དུ་བཅའ་སྡོད་གཞུང་ཚབ་པ་ལི་ཏའོ་ཡུའི་ཕྱིར་འཐེན་བྱས་ནས་ཨ་མི་རི་ཀར་ངོ་རྒོལ་བྱས་མྱོང་། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅེས་གསལ་བཤད་བྱས་པའི་རྗེས་སུ་རྒྱ་ནག་གི་གཞུང་ཚབ་པ་ཝ་ཤིང་ཊོན་ལ་ཕྱིར་ལོག་བྱས་ཤིང་། ལུ་ཐུ་ཝྭེ་ཎི་ཡའི་གཞུང་གིས་རང་གི་ས་ཐོག་ཏུ་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་འགོད་དུ་འཇུག་གི་ཡོད་པར་མཚོན་དོན་ཆེན་པོ་འདུས། ད་སྔ་ཨ་ཧྥི་རི་ཀའི་རྒྱལ་ཁབ་སོ་མ་ལི་ཡའི་ནང་ཁུལ་དུ་སོ་མ་ལི་ལན་ཌི་ཞེས་ཁྲིམས་མགོ་རང་བཙན་གྱི་ཡུལ་ལུང་ཞིག་ཡོད་པ་དེར་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་བྲིས། རྒྱལ་ཁབ་གཞན་ཁག་གིས་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་ཁང་ཞེས་སྒོ་བྱང་འགོད་མ་ཐུབ་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ལོ་རེ་བཞིན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་གསལ་ཇེ་དོད་དུ་སོང་།།

དཔེར་ན་ཁ་སྔོན་གཟའ་ཉི་མར་མཇུག་སྒྲིལ་མ་ཐག་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་༢༢་བླངས། གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཏུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་ཏེ་རྒྱལ་གླུ་གཏོང་མ་ཆོག་པ། ཐེ་ཝན་གྱི་རྩེད་འགྲན་རུ་ཁག་གིས་ཀྲུང་ཧྭ་ཐེ་པེའི་རུ་ཁག་ཅེས་མིང་བྱང་ཁྱེར་ནས་རུ་སྒྲིག་བྱེད་དགོས་པ་བཅས་ལ་རྒྱལ་སྤྱིའི་ཐོག་ཏུ་གླེང་སློང་ཆེན་པོ་བྱུང་། ཨ་མི་རི་ཀ་གཙོས་རྒྱལ་ཁབ་མང་དག་ཅིག་གི་གྲོས་ཚོགས་འཐུས་མི་སོགས་ཀྱིས་ཐེ་ཝན་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་ཐེ་ཝན་གྱི་རྩེད་འགྲན་རུ་ཁག་ཅེས་མིང་བྱང་འཁྱེར་དུ་དགོས་འཇུག ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་རྒྱ་ནག་ལ་ངོ་སྲུང་ནས་ཐེ་ཝན་ལ་རང་གི་རྒྱལ་ཁབ་ཀྱི་མིང་བྱང་འཁྱེར་དུ་འཇུག་གི་མེད་པ་དང་ཐེ་ཝན་གྱི་རྒྱལ་དར་བསྒྲེང་མི་ཆོག་པ། ཐེ་ཝན་གྱི་རྒྱལ་གླུ་གཏོང་མི་ཆོག་པའི་སྲིད་ཇུས་ཁག་ལ་འགྱུར་བ་གཏོང་བའི་དུས་ལ་བབས་འདུག་ཅེས་གླེང་། དེ་བཞིན་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་ཀྱང་ང་ཐེ་ཝན་པ་ཡིན། ངའི་རྒྱལ་ཁབ་ནི་ཐེ་ཝན་ཡིན། ངའི་རྟགས་མ་འདི་རང་གི་རྒྱལ་ཁབ་ཐེ་ཝན་ལ་བསྔོས་པ་ཡིན་ཞེས་དྲྭ་ལམ་དུ་འཕྲིན་ཐུང་སྤེལ། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་གཞུག་ཏུ་ངོ་དེབ་དང་ཊོས་ཊར་དྲྭ་ལམ་གཉིས་ཀར་ཐེ་ཝན་གྱི་རུ་ཁག་ལ་རྟེན་འབྲེལ་ཞུ། ང་ཚོའི་དཀའ་ངལ་དེ་ཅི་ཙམ་ཆེ་ཡང་ཐེ་ཝན་འཛམ་གླིང་གི་གྲུབ་ཆ་ཞིག་ཡིན་པའི་དོན་དངོས་ལ་བསྙོན་ཐབས་བྲལ། ཐེ་ཝན་འཛམ་གླིང་གི་གར་སྟེགས་སུ་བསླེབས་པ་རེད། ང་ཚོ་ཚང་མས་ཐུན་མོང་གི་སྤོབས་ཉམས་ཤིག་མྱོང་བཞིན་ཡོད་ཅེས་འཕྲིན་ཐུང་སྤེལ། ཉེ་བའི་ལོ་ཤས་ཤིག་ནས་ཐེ་ཝན་མི་དམངས་གྲས་སུའང་ང་ཚོ་རྒྱ་ནག་པ་མིན། ང་ཚོ་ཐེ་ཝན་པ་ཡིན་ཞེས་རྒྱ་ནག་དང་ཐེ་ཝན་གཉིས་རྒྱལ་ཁབ་དང་མི་རིགས་ཐ་དད་ཡིན་པའི་འདུ་ཤེས་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG