ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་ལ་སྐད་འཕྲིན་དམ་དྲག་ཆེ་རུ་གཏོང་གི་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་སྔོན་ཆད་བཀོལ་སྤྱོད་བྱེད་དུ་འཇུག་གི་ཡོད་པའི་སྐད་འཕྲིན་གྱི་མ་ལག་ཁག་གསར་པ་བརྗེས་དང་རྗེ་བཞིན་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་༧་པ་ཡས་མས་ནས་ལྷ་སར་འགོ་འཛུགས་ཀྱིས་དོ་བདག་གིས་ཤེས་རྟོགས་མེད་པར་སྐད་འཕྲིན་གྱི་བྱེད་ལས་མང་པོར་འགྱུར་བ་བཏང་སྟེ་སྐད་འཕྲིན་བརྒྱུད་ནས་དོ་བདག་གི་འགྲོ་འདུག་སྤྱོད་གསུམ་གྱི་ལོ་རྒྱུས་རྣམས་སྔར་དང་མི་འདྲ་བར་ལས་སླ་པོར་ཤེས་རྟོགས་ཐུབ་པ་ཞིག་བཟོས་འདུག་ཅེས་གནས་ཚུལ་འབྱུང་ཁུངས་ཁག་ཅིག་གིས་འདི་གའི་གསར་འགོད་པར་འགྲེལ་བྱས་འདུག དེ་ཡང་རང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། སྐད་འཕྲིན་གྱི་མ་ལག་ལ་འགྱུར་བ་གཏོང་ཡུལ་རྣམས་ནི་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་ལོ་ན་༦༠་མན་ཆད་རྣམས་ཡིན་པ་ལས་ལོ་ན་༦༠་ཡན་ཆད་རྣམས་ཀྱི་སྐད་འཕྲིན་ལ་འགྱུར་བ་གང་ཡང་བཏང་མི་འདུག ལོ་ན་༦༠་ཡན་ཆད་རྣམས་རྒན་ཡོལ་གྱི་དུས་ཚོད་ཡིན་སྟབས་ཉེན་ཁ་ཆུང་བར་རྩིས་ཡོད་པ་འདྲ་ཞེས་བརྗོད་འདུག

གསར་འགྱུར་མཁོ་སྤྲོད་པས་སྐད་འཕྲིན་གྱི་འགྱུར་བ་གསར་པ་དེས་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་དོ་བདག་གིས་ཉིན་རེ་བཞིན་དུ་མི་སུ་ལ་ཐུག་འཕྲད་བྱས་པ་དང་ས་གནས་གང་དུ་བསྐྱོད་པ། ཁོ་པར་དྲྭ་གྲོགས་རྗེས་འབྲང་བ་ཅི་ཙམ་ཡོད་མེད། སྐད་འཕྲིན་ནང་དུ་འདྲ་པར་དང་བརྙན་ཐུང་། ཡིག་རིགས་སོགས་ཅི་ཞིག་སྤེལ་གྱི་ཡོད་པ། གསར་འགྱུར་དང་གནས་ཚུལ་གང་དང་གང་སྐུར་གྱི་ཡོད་མེད་སོགས་མི་སྒེར་གྱི་གནས་ཚུལ་ཆ་ཚང་ལས་སླ་པོར་ཤེས་རྟོགས་ཐུབ་པ་ཞིག་བཟོས་འདུག སྔོན་ཆད་སྐད་འཕྲིན་ནང་དུ་ཁུག་དམར་བསྐུར་ཏེ་དངུལ་སྒོར་གཏོང་ལེན་བྱེད་ཐུབ་ཀྱང་དེང་སང་རྒྱ་ནག་ནང་ཁུལ་གྱི་དངུལ་ཁང་ཁག་དང་ཁུག་དམར་སྦྲེལ་མེད་ན་དངུལ་སྒོར་གཏོང་ལེན་བྱ་རྒྱུ་མེད་པར་བཏང་འདུག་ཅེས་བཤད། དེ་བཞིན་ཡུལ་ཤུལ་ཁུལ་གྱི་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་ཀྱང་མཚོ་སྔོན་དང་ལྷ་ས་བཅས་ཀྱི་བོད་ས་ཁག་ཏུ་སྐད་འཕྲིན་མ་ལག་བརྗེ་པོ་རྒྱག་གི་ཡོད་པ་དང་ཡུལ་ཤུལ་ཕྱོགས་ལ་མི་དམངས་རྣམས་ཚོགས་འདུར་བསྐོངས་ཏེ་སྐད་འཕྲིན་བརྗེ་པོ་རྒྱག་རྒྱུ་ཡིན། སྐད་འཕྲིན་ནང་དུ་དངུལ་སྒོར་གྱི་ཁུག་དམར་ཡོད་ན་གཙང་མ་བཟོ་དགོས་པའི་གསལ་བསྒྲགས་སྤེལ་སོང་ཞེས་འགྲེལ་བརྗོད་བྱས་འདུག

ཁོང་ལ་རྒྱ་ནག་གི་ས་གནས་ཁག་ཏུ་སྐད་འཕྲིན་ལ་འགྱུར་བ་གཏོང་གི་ཡོད་མེད་སྐད་ཆ་དྲིས། མི་དེས་རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་ཡོད་པའི་མི་ཞིག་ལ་སྐད་ཆ་དྲིས་པ་ཡིན། མི་དེས་ང་ཚོའི་ས་ཆར་དེ་འདྲ་མི་འདུག ཡིན་ནའང་གནད་དོན་འདི་རང་སྐྱོང་གི་གནས་བབ་ཡོད་པའི་ས་གནས་ཁག་གི་གནད་དོན་ཞིག་རེད་མ་གཏོགས་སྤྱི་ཡོངས་ཀྱི་གནད་དོན་ཞིག་མ་རེད་ཅེས་ལན་འདེབས་བྱས་སོང་། ཡང་རྒྱ་ནག་གི་ཧྲང་ཧེ་གྲོ་ཁྱེར་གྱི་མི་ཞིག་ལ་སྐད་ཆ་དྲིས་པ་པ་ཡིན། མི་དེས་ཀྱང་སྐད་འཕྲིན་ལ་འགྱུར་བ་གཏང་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་རེད། ཡིན་ནའང་མཐའ་གཅིག་ཏུ་གཏོང་ཐུབ་རྒྱུ་མ་རེད་ལབ་ཁག་པོ་རེད། གང་ཡིན་ཟེར་ན་ལོ་འདིར་རྒྱལ་ནང་གི་གང་ས་གང་དུ་བརྟན་ལྷིང་མེད་པར་ཆབ་སྲིད་ཀྱི་འཁྲབ་སྟོན་བྱེད་པའི་སྡིངས་ཆ་ཆེ་ཤོས་ནི་སྐད་འཕྲིན་གྱུར་ཡོད་རེད། དེས་ན་རྒྱལ་ཁབ་ཀྱིས་ཅི་ཞིག་བྱ་རྒྱུ་ཡིན་མིན་ང་ཚོས་ཤེས་རྟོགས་ཐུབ་ཀྱི་མ་རེད་ཅེས་ལེན་འདེབས་བྱས་འདུག སྐད་འཕྲིན་གྱི་མ་ལག་བརྗེ་སྒྱུར་ཚོགས་འདུར་དངོས་སུ་ཞུགས་པའི་མཚོ་སྔོན་ཁུལ་གྱི་བོད་པ་ཞིག་གིས་སྐད་འཕྲིན་ལ་འགྱུར་བ་གཏང་རྒྱུ་ཡིན་པ་དང་སྐད་འཕྲིན་ནང་གི་དངུལ་སྒོར་རྣམས་ཕྱིར་བསྡུ་བྱ་དགོས་ཀྱི་འདུག་ཅེས་བཤད་འདུག

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨་ལོ་ནས་བོད་ནང་གི་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཟེར་བའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་སྤེལ་ནས་སྐད་འཕྲིན་གྱི་སྒྲིག་གཞི་དོན་ཚན་བཅུ་ཟེར་བ་ཞིག་གཏན་ལ་ཕབ། སྐད་འཕྲིན་གྱི་སྒྲིག་གཞིར་འགལ་བའི་དོན་རྐྱེན་ཁག་ལ་ལན་ཁག་དཀྲིས་ནས་བོད་པ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་བཀག་ཉར་བྱས་པའི་གནས་ཚུལ་ཐོན། དཔེར་ན་འདི་ལོ་ཕྱི་ཟླ་༤་པའི་ནང་དུ་རྒྱ་ནག་གཞུང་གིས་མཚོ་སྔོན་མང་རྫོང་སོགས་ཀྱི་སྡེ་པ་༡༦་དང་དགོན་སྡེ་ལྔའི་མི་མང་གི་སྐད་འཕྲིན་ལ་ཞིབ་བཤེར་བྱས་ཏེ་དོགས་གཞི་ཅན་གྱི་སྐད་འཕྲིན་ཚོགས་པ་༢༩༨་ཐོ་འགོད་དང་སྐད་འཕྲིན་ཚོགས་པ་༧༥་དངོས་སུ་མེད་པར་བཟོས། སྐད་འཕྲིན་ཚོགས་པ་༢༢༣་ལྷག་ལྟ་རྟོག་འོག་ཏུ་བཞག་པ་དང་སྐད་འཕྲིན་ཚོགས་པ་ཁག་གི་ཚོགས་གཙོས་དཀྲོག་གཏམ་མི་ཤོད་པ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་མི་བཟོ་བའི་དབང་ཡིག་མིང་རྟགས་༢༢༣་འགོད་དུ་བཅུག་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།།

རྒྱ་ནག་གཞུང་གིས་སྐད་འཕྲིན་སོགས་དྲྭ་ལམ་གྱི་བཀོལ་ཆས་བརྒྱུད་ནས་གཞུང་དང་སྒེར་གྱི་གནས་ཚུལ་བསྡུ་ལེན་དང་བྱ་ར་བྱེད་ཀྱི་ཡོད་པའི་ཉེན་ཁའི་གནས་ཚུལ་གྱིས་ལོ་འདིའི་ཕྱི་ཟླ་༦་པའི་ཚེས་༢༩་ཉིན་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་རྒྱ་ནག་གིས་བཟོས་པའི་སྐད་འཕྲིན་དང་ཊིཀ་ཊོཀ་བཀོལ་ཆས་གཙོས་རྒྱ་ནག་གི་བཀོལ་ཆས་༥༩་རྒྱ་གར་གྱི་སྤྱི་ཚོགས་སུ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར་བཀག་ཡོད་པར་མ་ཟད། ཨ་མི་རི་ཀས་ཀྱང་ཕྱི་ཟླ་༩་ཚེས་༢༠་ཉིན་སྐད་འཕྲིན་དང་ཊིཀ་ཊོཀ་གཉིས་ཨ་རིའི་ས་ཐོག་ཏུ་བཀག་སྡོམ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།།

XS
SM
MD
LG