ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཡུ་གུར་བ་མཐོ་རིམ་ལས་སྣེ་ཟུར་པ་༢་ལ་སྲོག་ཁྲིམས་བཅད་པ། 


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་སློབ་གསོ་ལྷན་ཁང་གི་འགོ་ཁྲིད་ཟུར་པ་ས་ཝུ་ཏ་དང་ཁྲིམས་འཛིན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་བྷ་ཝུ་ཏུན་གཉིས་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་ལྐོག་ཟ་བྱས་པའི་ནག་ཉེས་བཙུགས་ནས་ལོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་ལག་ལེན་བསྟར་དགོས་པའི་ཁྲིམས་ཐག་བཅད། ཕྱི་ཟླ་༤་པའི་ཚེས་༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་གུར་བ་ས་ཏར་ས་ཝུ་ཏ་དང་ཤིར་ཟ་ཏ་བྷ་ཝུ་ཏུན་གཉིས་ནི་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་ཞིན་ཅང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་གསར་ཤོས་གཉིས་ཡིན་ཞིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་གཞིར་བཟུང་གིས་ཁྲིམས་ཐག་གཅོད། ས་ཝུ་ཏ་དང་བྷ་ཝུ་ཏུན་གཉིས་ལ་རྒྱ་ནག་གི་དབང་སྒྱུར་ལམ་ལུགས་ནང་ཁུལ་དུ་རུལ་སུངས་སུ་གཏོང་མཁན་ཞེས་ཉེས་མིང་བཏགས། ཁོ་ཚོར་སྲོག་ཁྲིམས་བཅད་ཀྱང་བཙོན་པ་ཚོས་སྤྱོད་ལམ་ཡག་པོ་བྱེད་ན་ལོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་ལག་ལེན་བསྟར་དགོས་པ་རྣམས་ཚེ་བཙོན་ལ་སྒྱུར་སྲོལ་ཞིག་ཡོད་པས་ས་ཝུ་ཏ་དང་བྷ་ཝུ་ཏུན་གྱི་སྲོག་ཁྲིམས་ཀྱང་ཚེ་བཙོན་ལ་བསྒྱུར་སྲིད། ཞིན་ཅང་མཐོ་རིམ་ཁྲིམས་ཁང་གི་གཙོ་འཛིན་གཞོན་པ་ཝང་ལང་ཐའོ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ས་ཝུ་ཏ་དང་བྷ་ཝུ་ཏུན་གཉིས་ཀྱིས་རང་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་ལྐོག་ཟ་བྱས་པའི་ནག་ཉེས་ཡོད་པ་རྣམས་ངོས་ལེན་བྱས་སོང་། ཁོ་ཚོས་གོང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་འཆར་མི་འདུག་ཅེས་བསྒྲགས། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་གྱོད་གཞི་དེ་ཚོར་ལྐོག་ཏུ་ཁྲིམས་ཐག་གཅོད་ཀྱི་ཡོད་པས་གོང་འཁོད་ཡུ་གུར་བ་དེ་དག་ལ་དུས་ནམ་ཞིག་ཁྲིམས་ཐག་བཅད་པ་གསལ་པོ་མེད་པ་རེད།།

ཁ་སང་གཟའ་མིག་དམར་ཉིན་ཞིན་ཅང་མཐོ་རིམ་ཁྲིམས་ཁང་གིས་མངའ་ཁུལ་དེའི་ཤེས་ཡོན་སློབ་གསོ་ལྷན་ཁང་གི་འགོ་ཁྲིད་ཟུར་པ་ས་ཝུ་ཏས་ཕྱི་ལོ་༢༠༠༢་ནས་གཞི་རིམ་དང་འབྲིང་རིམ་སློབ་གྲྭའི་ཡུ་གུར་བའི་སྐད་ཡིག་གི་སློབ་དེབ་ནང་དུ་མི་རིགས་ཁ་བྲལ་དང་དྲག་སྤྱོད། འཇིགས་སྐུལ་རིང་ལུགས་དང་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་རྣམས་རྩོམ་སྒྲིག་བྱས་ཤིང་། ཁོ་པས་ཁ་བྲལ་གྱི་ལྟ་བ་འཛིན་པའི་མི་འགའ་ཞིག་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གི་ཁོངས་སུ་བསྡུས་འདུག་ཅེས་བཤད། ད་དུང་ཞིན་ཅང་གི་ཤེས་ཡོན་སློབ་གསོ་ལྷན་ཁང་གི་ལས་སྣེ་ཟུར་པ་གསུམ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད། སློབ་དེབ་རྩོམ་སྒྲིག་པ་ཟུར་པ་གཉིས་ལའང་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་རུང་བཙོན་འཇུག་གི་ལོ་ཚད་སོགས་ཕྱིར་བསྒྲགས་བྱས་མེད་ཅིང་། སློབ་དེབ་རྩོམ་སྒྲིག་པ་ཟུར་པ་ཡལ་ཁུན་རོ་ཛི་ཞེས་པ་ཞིག་གི་བུ་རྒན་པ་ཀ་མལ་ཏུཀ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ཁོ་པའི་ཨ་ཕར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ནི་མ་ཉེས་ཁག་གཡོགས་བྱས་པ་ཞིག་རེད། ངའི་ཨ་ཕས་སྲིད་དོན་ལ་གཡོལ་ཐབས་བྱས་ནས་ཁྲིམས་འགལ་གྱི་བྱ་བ་ཅི་ཡང་བསྒྲུབས་མེད། སློབ་དེབ་དེ་རྣམས་ལོ་བཅུ་ཕྲག་གཅིག་གི་རིང་ལ་སློབ་ཁྲིད་བྱས་པ་དང་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་དཔར་དུ་བསྐྲུན་པ་རེད། རྒྱ་ནག་གཞུང་གིས་ལོ་རྒྱུས་ངོ་མ་ནག་སུབ་དང་བྱུང་རབས་ཀྱི་འགྲེལ་བ་གསར་པ་ཞིག་རྩོམ་ཐབས་བྱེད་ཀྱི་འདུག་ཅེས་ངོ་རྒོལ་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཞེས་པ་ནི་འགྱིག་ཐག་ལྟར་གང་དུ་འཐེན་འཐེན་དང་འགྲེལ་བཤད་སྣ་ཚོགས་རྒྱག་ཆོག་པ་ཞིག་རེད་ཅེས་བསྟན།།

ཞིན་ཧྭ་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཞིན་ཅང་མཐོ་རིམ་ཁྲིམས་ཁང་གི་གཙོ་འཛིན་གཞོན་པ་ཝང་ལང་ཐའོ་ཡི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཁྲིམས་འཛིན་ལྷན་ཁང་གི་འགོ་ཁྲིད་ཟུར་པ་བྷ་ཝུ་ཏུན་ལ་ཁ་བྲལ་གྱི་ནག་ཉེས་ཐོག་ཏུ་ཁྲིམས་ཐག་བཅད། ཁོ་པས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་སྟེ། འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེ་དང་ཕྱི་རྒྱལ་དུ་གནས་འཁོད་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཁག་ལ་ངན་འབྲེལ་བྱས་པར་མ་ཟད། བྷ་ཝུ་ཏུང་གིས་ཁ་བྲལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་བྱས་འདུག ཁོ་པས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པའི་སྐུ་ཚབ་ཚོར་ཐུག་འཕྲད་བྱས་ནས་ཡུ་གུར་བ་གཞན་རྣམས་ཚོགས་པ་དེའི་ཁོངས་སུ་ཞུགས་དགོས་པའི་སྐུལ་ལྕག་བཏང་བ། བྷ་ཝུ་ཏུང་གི་བུ་མོའི་གཉེན་སྒྲིག་དུས་སུ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་ཨ་སྒོར་ས་༡་དང་འབུམ་༧་ལྐོག་ཟ་བྱས་འདུག་ཅེས་ནག་ཉེས་བགྲངས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་རེད་ཅེས་ཐོ་གཞུང་དུ་བཀོད། ཉམས་ཞིབ་པ་མང་དག་ཅིག་གིས་ཤར་ཏུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ཚོགས་པ་ཞེས་པ་ཞིག་དངོས་སུ་ཡོད་མེད་ཐེ་ཚོམ་རེད། གལ་ཏེ་སྔོན་ཆད་ཚོགས་པ་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་རུང་ཚོགས་པ་དེ་འཐོར་ཞིག་སོང་སྟེ་མཛུབ་མོ་འཛུགས་ས་ཞིག་རྙེད་དཀའ་ཞེས་གླེང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ཁ་ཆེའི་རྒྱལ་ཁམས་དང་ཨལ་ཁེ་དྷ་སྒྲིག་འཛུགས། ཨབ་གྷ་ཎི་སི་ཐན་གྱི་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་བཅས་ཀྱི་ཚོགས་ཁོངས་སུ་ཞུགས་འདུག་ཟེར།།

༢༠༠༩་ལོར་ཞིན་ཅང་གི་ས་གནས་ཁག་ཏུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་ལངས། ཡུ་གུར་བ་ཁག་ཅིག་གིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མི་གསོད་ཁྲག་སྦྱོར་གྱི་ཟིང་འཁྲུག་བསླངས། དེ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་མ་ཟིན་ཙམ་ཞིག་བཀག་ཉར་ཁང་དུ་བཅུག་སྟེ་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ་དང་ངལ་རྩོལ་བཙན་བཀོལ། ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ལ་ཁ་ཆེའི་ཆོས་ལུགས་དང་ཁ་ཆེའི་རིག་གཞུང་ལ་དགག་པ་བརྒྱབ་ནས་རྒྱ་ཡིག་རྒྱ་སྐད་སློབ་དགོས། ཁོ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་གོང་བཀུར་དང་རྒྱབ་སྐྱོར་བྱ་རྒྱུ། གཙོ་འཛིན་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་དགོས་ཞེས་བསམ་བློའི་སློབ་གསོ་གཏོང་བ། ཞིན་ཅང་གི་ཡུ་གུར་བའི་ཤེས་ཡོན་ཅན་དང་སྤྱི་དམངས་གྲགས་ཅན། རྒྱ་ནག་གི་མཐོ་རིམ་ལས་སྣེ་གྲས་སུ་ཡོད་པའི་ཡུ་གུར་བ་ཁག་ཅིག་འཛིན་བཟུང་དང་ཁ་ཆེའི་ལྷ་ཁང་བརྒྱ་ཕྲག་འགའ་ཞིག་རྩ་གཏོར། ཞིན་ཅང་གི་བྱིས་པ་ཚོར་མི་རིགས་ཀྱི་སྐད་ཡིག་མ་བསླབས་པར་རིམ་བཞིན་ཡུ་གུར་བ་རྣམས་རྒྱ་མི་རིགས་ཀྱི་ཁོངས་སུ་ཐིམ་དུ་འཇུག་རྒྱུ་སོགས་མི་རིགས་དང་རིག་གཞུང་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཡུ་གུར་བ་ཚོར་ལག་ཤེས་དང་སྐད་ཡིག གློག་ཀླད་སོགས་རིག་གནས་གསར་པ་བསླབས་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད། དེང་སྐབས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེས་ལོ་བཞིའི་རིང་ལ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཅི་ཡང་བྱུང་མེད་ཅེས་བཀྲལ།།

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཞིན་ཅང་གི་ཁ་བྲལ་རིང་ལུགས་པ་རྣམས་ཡུ་གུར་བ་ཉུང་ཤས་ཤིག་ཡིན་ཞེས་བཙོན་འཇུག་དང་ཁྲིམས་གཅོད་བྱ་རྒྱུ་ལུགས་མཐུན་དུ་བསྒྱུར། ཁོ་ཚོས་ཕྱོགས་གཞན་ཞིག་ནས་ཡུ་གུར་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ། ཡུ་གུར་བ་ཚོས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་ཅེས་རྒྱལ་སྤྱིའི་ཐོག་ཏུ་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ལ་དངུལ་སྒོར་སྤྲད་ནས་གཞུང་འབྲེལ་གྱི་དྲིལ་བསྒྲགས་བྱ་རྒྱུ་ཆེ་རུ་བཏང་ཞིང་། དེར་བརྟེན་ངོ་དེབ་བཟོ་ཚོང་ཁང་གི་ཁ་ཆེའི་ལས་བྱེད་པ་ཞིག་གིས་རྒྱ་ནག་གི་དྲིལ་བསྒྲགས་ལོག་པ་རྣམས་ངོ་དེབ་བཟོ་ཚོང་ཁང་གིས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ནོར་འཁྲུལ་རེད་ཅེས་བསམ་འཆར་བཤད། འོན་ཀྱང་ངོ་དེབ་བཟོ་ཚོང་ཁང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་དྲིལ་བསྒྲགས་དེ་རྣམས་སྤེལ་མཚམས་འཇོག་དགོས་མིན་ཐག་མ་བཅད། བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་རུ་ཁག་ཅིག་ཞིན་ཅང་ལ་རྟོག་ཞིབ་གཏོང་དགོས་ཞེས་གྲོས་འགོ་བཏོན། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་༢༠༢༢་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་ཀྱི་ཡོད་པར་འཛམ་གླིང་རྒྱལ་ཁབ་ཁག་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་ལས་འགུལ་སྤེལ། རྒྱལ་སྤྱིའི་གྱོན་གོས་བཟོ་ཚོང་ལས་ཁང་ཁག་གིས་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་པའི་ཐོན་སྐྱེད་སྲིན་བལ་རྣམས་ཉོ་སྒྲུབ་བྱ་རྒྱུ་མིན་ཞེས་རྒྱ་ནག་ལ་ཞིན་ཅང་གི་གནད་དོན་ཐོག་ཏུ་ཕྱོགས་ཡོངས་ནས་གནོན་ཤུགས་ཆེན་པོ་ཡོད་པ་རེད།།

XS
SM
MD
LG