ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཉག་ཚུ་རྫོང་ཁུལ་གྱི་མེ་སྐྱོན་གྱི་གནས་ཚུལ་མང་ཚོགས་སྒེར་ངོས་ནས་བརྙན་པར་དྲ་ལམ་དུ་བཀོད་སྤེལ་ལ་བཀག་སྡོམ།


དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་
དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་

བོད་ནང་རྒྱ་གཞུང་གིས་ཆ་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་འདས་པའི་ཉིན་གྲངས་ཁ་ཤས་རིང་ཤིང་ནགས་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པའི་སྐོར་ལ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥་ཉིན་ཆེས་ཐོག་མར་ཉག་ཆུ་རྫོང་གི་ས་གནས་སུ་མེ་སྐྱོན་བྱུང་འགོ་ཚུགས་ཡོད་པ་དང་། རྒྱ་ནག་གི་མེ་གསོད་རུ་ཁག་མི་སྣ་འདྲ་སླེབས་ནས་མེ་གསོད་ཐུབ་བྱས་ཡོད་ཀྱང་ཕྱི་ཚེས་༡༦་ཉིན་བསྐྱར་དུ་མེ་འབར་ཏེ་ནགས་ཚལ་གྱིས་ཁེབས་པའི་རི་ཁ་ཤས་སུ་མེ་འབར་ཚད་ཀྱི་ཤུགས་རྒྱ་ཆེ་རུ་སོང་བ་དང་སྐབས་བསྟུན་རླུང་བུ་གཡུག་པ་ལ་བརྟེན་ནས་ཐད་གར་མེ་གསོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། དམིགས་བསལ་ཤིང་ནགས་གསེང་གི་རི་སྐྱེས་སྲོག་ཆགས་མང་པོ་ཤི་རྨས་ཚབས་ཆེན་ཐེབས་ཡོད་པ་མ་ཟད་ཐེངས་འདིའི་མེ་སྐྱོན་ནི་ས་གནས་གཅིག་མ་ཡིན་པར་ཉག་ཆུ་རྫོང་དང་ལི་ཐང་རྫོང་གི་ཕྱོགས། དར་རྩེ་མདོའི་ཕྱོགས་བཅས་སུ་རིམ་བཞིན་མཆེད་འདུག

དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་
དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་

དམིགས་བསལ་བོད་རིགས་འདུས་སྡོད་ཀྱི་སྡོད་ཁང་དང་སྒོ་ཕྱུགས་ལ་ཤི་རྨས་ཐེབས་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་མེ་ཕལ་ཆེ་བ་གསོད་ཐུབ་ཡོད་པའི་རྣམ་པ་བྱུང་ཡོད་པ་རེད། ཡིན་ནའང་ཐེངས་འདིའི་མེ་སྐྱོན་གྱིས་རྐྱེན་པས་མིག་སྔར་གྲོང་སྡེ་ཆེ་ཁག་༡༡་དང་དུད་ཚང་བརྒྱད་བརྒྱ་ལྷག་གི་མི་གྲངས་སུམ་སྟོང་ལྷག་ཉེན་ཡོལ་བྱས་ནས་འདུག་དགོས་བྱུང་ཡོད་པ་མ་ཟད། དུད་ཚང་ཁང་ཁྱིམ་དང་བཅས་པ་མེ་ཡིས་འཚིག་ཟིན་པ་དག་ལ་སྡོད་གནས་མེད་པའི་གནས་སུ་གྱུར་འདུག སྤྱིར་ན་མེ་སྐྱོན་བྱུང་ས་དེ་ནི་ཉག་ཆུ་རྫོང་གི་ཤིང་ནགས་མཐུག་པོ་ཡོད་ས་དང་རི་མགོ་མཐོན་པོ་ཡོངས་སུ་ཤིང་ནགས་ཀྱིས་ཁེབས་ཡོད་ས་དེ་འདྲ་ཡིན་པ་རེད།

རི་མགོ་དང་སྡོད་ཁང་མེ་ཡིས་འཚིག་བཞིན་པ་དང་ཟོག་ལུག་སེམས་ཅན་མེ་ཡིས་འཚིག་བཞིན་པའི་རྣམ་པ་སོགས་པར་དང་བརྙན་བླངས་ཡོད་པ་རྣམས་ཐད་ཀར་བསུབ་དགོས་བ་ལས་རྒྱ་སྐད་དུ་ཁེ་ཧྲུག་དང་བོད་སྐད་དུ་མགྱོགས་འཕྲིན་དང་སྐད་འཕྲིན་སོགས་དྲ་ལམ་དུ་བཀོད་ན་མི་ཆོག་ཅེས་རྒྱལ་ཁབ་ཀྱི་མི་སྣས་བཀོད་ཁྱབ་བཏང་སྟེ་བཀག་འགོག་བྱེད་ཀྱིན་འདུག དེར་བརྟེན་མང་ཚོགས་སྒེར་ངོས་ནས་བརྙན་པར་དྲ་ལམ་དུ་བརྒྱུད་སྤེལ་བྱེད་ཐུབ་ཀྱིན་མི་འདུག་ཅེས་སོགས་ས་གནས་བོད་མིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་སོང་། དེ་དང་ཆབས་ཅིག་དེང་སྐབས་བོད་ནང་དྲ་ལམ་ནས་མིང་གྲགས་ཆེ་རུ་འགྲོ་བཞིན་པའི་བོད་རིགས་ཁག་ཅིག་གིས་རང་གི་དྲ་ལམ་དུ་བརྙན་ཐུང་སྤེལ་བའི་ནང་བརྗོད་དོན་ལྟར་ན། མིག་སྔར་བྱུང་ཟིན་པའི་ཉག་ཆུའི་མེ་སྐྱོན་གྱིས་མང་ཚོགས་མང་པོར་སྡོད་གནས་མེད་པའི་དཀའ་ངལ་ཐད་བཟའ་བཅའི་རིགས་དང་དངུལ་སོགས་ཀྱི་མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་། དེ་ཡང་དྲ་ལམ་ནས་མང་ཚོགས་མང་པོའི་དང་བླངས་ཀྱི་སྒོ་ནས་ཞལ་འདེབས་ཕུལ་བ་ཡིན་པ་ལས་གང་ཟག་སྒེར་ཁོ་ན་གཅིག་པུའི་མིན་པ་འགྲེལ་བརྗོད་གནང་གིན་འདུག

དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་
དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་

དམིགས་གསལ་ཐེངས་འདིའི་མེ་སྐྱོན་གྱི་རྐྱེན་པས་གསུམ་གཅིག་བརྒྱད་ཞེས་པའི་གཞུང་ལམ་ཆེ་བ་དེ་སྒོ་བརྒྱབ་པས་ས་ཁག་མང་པོ་རུ་རླངངས་འཁོར་གྱི་འགྲོ་འོང་མ་ཐུབ་པར་བཀག་སྡོམ་བྱེད་དགོས་བྱུང་ཡོད་པ་རེད་འདུག དེ་དང་ཆབས་ཅིག་རྒྱ་ནག་གི་གསར་འགྱུར་ནང་སྤེལ་བའི་གནས་ཚུལ་ནང་ཐེངས་འདིའི་ཉག་ཆུ་རྫོང་དུ་མེ་སྐྱོན་ལ་རོགས་རམ་ཆེད་ཡུན་ནན་ཞིང་ཆེན་ནས་མི་གྲངས་བདུན་བརྒྱ་ལྷག་དང་དེ་བཞིན་ས་གནས་ཤིང་ནགས་སྲུང་སྐྱོབ་རུ་ཁག་དང་མེ་གསོད་རུ་ཁག་བཅས་ནས་མི་གྲངས་བདུན་བརྒྱ་ལྷག་དང་གྱེན་འཕུར་གནམ་གྲུ་བཅས་སོགས་ཀྱིས་མེ་གསོད་ཐུབ་ཡོད་ལུགས་བཀོད་ཡོད་པ་རེད་འདུག ད་དུང་རྒྱ་ནག་གི་གསར་འགྱུར་ནང་ཐེངས་འདིའི་མེ་སྐྱོན་སྐབས་སུ་ས་གནས་བོད་རིགས་མང་པོ་ཞིག་གིས་རང་རང་གི་ཁྱིམ་ནས་ཟ་མ་བཟོས་ཏེ་མེ་གསོད་རུ་ཁག་གི་མི་ལ་ལྟོགས་སྐོམ་སེལ་ཐབས་ཀྱི་རོགས་རམ་བྱེད་བཞིན་པའི་རྣམ་པ་མང་དུ་བསྟན་ཡོད།།

གླེང་སྟེགས།

XS
SM
MD
LG