ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

རྒྱ་ནག་གཞུང་གིས་འབྲི་རུ་མི་ཚང་ཞིག་ལ་དབྱར་རྩ་དགུན་འབུ་འཐུ་མི་ཆོག་པ་བཟོས་པའི་ཉེས་པ།


ཕྱི་ཕྱོགས་ནས་འབྲེལ་བ་བྱས་པའི་ཉེས་མིང་འོག་ཁམས་འབྲི་རུ་མི་ཚང་ཞིག་ལ་འདི་ལོ་དབྱར་རྩ་དགུན་འབུ་འཐུ་མི་ཆོག་པ་བཟོས་པའི་ཉེས་པ་བཏང་ཡོད་འདུག

དེ་ཡང་དེང་སྐབས་བོད་ཀྱི་ས་ཁུལ་ཁག་གི་རི་ལ་དབྱར་རྩ་དགུན་པ་འཐུ་པའི་དུས་ཚོད་ཡིན་པ་ལྟར་ཁམས་འབྲི་རུ་ཁུལ་དུ་ཡང་བོད་མི་ཚོ་དབྱར་རྩ་དགུན་པོ་འཐུ་པར་འགྲོ་བཞིན་ཡོད་པ་རེད་འདུག དབྱར་རྩ་དགུན་པ་འཐུ་བར་འགྲོ་མཁན་ཚོར་ཆབ་སྲིད་ཀྱི་ཐད་ནས་རྒྱ་ནག་གཞུང་ལ་དགའ་བཞེན་དང་ལངས་ཕྱོགས་བརྟན་པོ་ཡོད་དགོས་པ་ཆབ་སྲིད་ཀྱི་རྙོག་ཁྲ་མེད་པ་དགོས་ཀྱི་ཡོད་ཅིང་དེ་དག་དང་རྒྱབ་འགལ་བྱས་ན་ཕྲུ་གུ་སློབ་གྲྭར་འགྲོ་བ་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པ་དང་རོགས་རམ་བཀག་པ་དང་དབྱར་རྩ་དགུན་འབུ་འཐུ་བར་འགྲོ་ཆོག་གི་མེད་པ་རེད་མ་ཟད་དབྱར་རྩ་དགུན་འབུ་འཐུ་བར་མ་སོང་སྔོན་ལ་ཤོག་བུ་ཞིག་གི་ཐོག་ལ་ཆ་རྐྱེན་མང་པོ་ཞིག་ལ་ཁས་ལེན་གྱི་ས་རྟགས་རྒྱག་དགོས་ཀྱི་ཡོད་པ་རེད་འདུག དེར་རྟེན་ཉེ་ལམ་ཕྱི་ཕྱོགས་ལ་བཞུགས་ཡོད་པའི་ཁམས་འབྲི་རུ་ཁུལ་གྱི་བོད་མི་ཞིག་གིས་ལོ་ཁ་ཤས་རྗེས་འབྲི་རུ་འབེལ་ཕ་གྲོང་ཚོར་ཡོད་པའི་རང་གི་ནང་མིར་སྐད་འཕྲིན་ནས་འབྲེལ་བ་ཐེངས་དང་པོ་བྱས་པ་དེ་བདེ་མཚམས་ཀྱི་སྐད་ཆ་བཤད་ཐུང་ཐུང་ཞིག་བཤད་པ་དེ་ས་གནས་གྲོང་ཚོར་བཅའ་སྡོད་རྒྱ་གཞུང་ལས་བྱེད་པས་ཤེས་རྟོག་བྱུང་ཏེ་ཁྱིམ་ཚང་དེའི་ནང་མི་འདི་ལོའི་དབྱར་རྩ་དགུན་འབུ་འཐུ་མི་ཆོག་པ་བཟོས་ཡོད་པའི་སྐོར་ལ་བཙན་བྱོལ་ནང་ཡོད་པའི་རང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གར་གནས་ཚུལ་འགྲེལ་བརྗོད་གནང་སོང་།

དབྱར་རྩ་དགུན་འབུ་
དབྱར་རྩ་དགུན་འབུ་

གནས་ཚུལ་ངོ་སྤྲོད་པས་མུ་ཐུད་དུ་འགྲེལ་བརྗོད་གནང་དོན་བྱས་ན་ཕྱི་ལོ་༢༠༠༨ ལོ་ནས་བོད་ས་ཡོངས་ལ་རྒྱ་གཞུང་ལ་ཡར་ལངས་ངོ་རྒོལ་བྱུང་བ་དང་ལྷག་དོན་ཕྱི་ལོ་༢༠༠༩ ནས་ཁམས་འབྲི་རུ་ཁུལ་དུ་རྒྱ་ནག་གི་རྒྱལ་དར་མེར་སྲེག་དང་སྦྱར་ཡིག་སྦྱར་བ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལསརང་ལུས་མེར་སྲེག་དང་ཞི་བའི་ངོ་རྒོལ་སོགས་རིམ་པར་བྱུང་རྗེས་ཕྱི་ནང་འགྲུལ་བཞུད་དང་དྲ་ལམ་སོགས་ལ་དམ་དྲག་ཆེན་པོ་བྱེད་འགོ་ཚུགས་པ་དང་དེ་རྗེས་འབྲི་རུའི་གྲོང་ཚོ་རེ་རེ་བཞིན་གསང་བའི་ཉེན་རྟོག་ལས་ཁུངས་བཙུག་ཏེ་གྲོང་ཚོ་དེའི་མི་སོ་སོའི་ཁ་པར་ཨང་གྲངས་ལས་ཁུངས་དེར་མཐོ་འགོད་བྱེད་དགོས་ཀྱི་ཡོད་པ་དང་ཕྱི་ནས་ཁ་པར་ཡོང་ན་ལམ་སེང་ཉེན་བརྡ་དམར་པོ་གཏོང་གི་ཡོད་པ་མ་ཟད་སྐད་འཕྲིན་དང་ཁ་པར་ལ་འབྲེལ་བ་བྱེད་མཁན་ཚང་མ་ཁོ་ཚོས་ཤེས་རྟོག་ཐུབ་ཀྱི་ཡོད་པ་རེད་འབྲི་རུ་རྫོང་གི་ནང་བོད་མི་ཚོས་ཁ་པར་པར་གྱི་བྱང་བུ་སིམ་ཀར་ཀྲི་དེ་འབྲི་རུ་ས་གནས་རང་གི་བྱང་བུ་ཉོ་དགོས་པ་ལས་འབྲི་རུའི་ཕྱི་ནས་ཐོ་འགོད་བྱས་ཏེ་ཁྱེར་ཡོང་བའི་ཁ་པར་བྱང་བུ་ཉར་ཆོག་གི་མེད་ཅིང་དེའི་རྒྱུ་མཚན་ནི་ཕྱི་ནས་ཁྱེར་ཡོང་བའི་ཁ་པར་བྱང་བུ་ལས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོག་ཡོང་ཐུབ་ཀྱི་མེད་པ་སོགས་འགྲེལ་བརྗོད་གནང་སོང་།

ཕྱི་ལོ་༢༠༡༧ ལོར་ཁམས་ནག་ཤོད་འབྲི་རུ་ཤག་ཆུང་ཤང་གི་ཁྲོམ་གཞུང་དུ་རང་ལོ་བཞི་བཅུ་ཡས་མས་ཡིན་པ་དང་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པའི་བེུད་ཞིག་གིས་ཤག་ཆུ་ཤང་གི་ནང་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བ་དང་ཤག་ཆུ་ཤང་གྲོང་ཚོའི་ནང་རང་ལུས་མེར་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་པ་རེད

བེུད་དེས་རང་ལུས་མེར་སྲེག་་གནང་ཏེ་འདས་གྲོངས་སུ་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་བེུད་དེས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་གཞུང་གིས་ལམ་སེང་གཙང་ཕྱག་བྱས་པ་དང་གནས་ཚུལ་ཞིབ་ཕྲ་རྩད་གཅོད་ལན་མང་བྱས་ཀྱང་ས་གནས་ལ་དམ་དྲག་གི་རྐྱེན་པས་བེུད་དེའི་མིང་དང་སྐྱེས་ཡུལ་སོགས་གནས་ཚུལ་ཞིབ་ཕྲ་མ་རག་སྟབས་གནས་ཚུལ་དེ་ད་བར་ཕྱིར་ཐོན་ཐུབ་མེད་པ་འགྲེལ་བརྗོད་གནང་སོང་སྒྲ།། དེང་སྐབས་ཀྱང་འབྲི་རུའི་གནས་སྟངས་ནི་སྔར་བཞིན་དམ་དྲག་འོག་གནས་ཡོད་པ་དང་འབྲི་རུའི་རྫོང་ཁོངས་ཀྱི་བོད་མི་རྣམས་འབྲི་རུ་ནས་གལ་སྲིད་ལྷ་ས་སོགས་ཕྱི་ལ་འགྲོ་དགོས་ན་ངེས་པར་དུ་ས་གནས་རྒྱ་གཞུང་ཉེན་རྟོག་པའི་ལས་ཁུངས་ལ་ཐོ་འགོད་བྱེད་དགོས་པ་དང་ས་གནས་ཉེན་རྟོག་པའི་ངོ་སྤྲོད་ཡི་གེ་འཁྱེར་ནས་ལྷ་སར་སླེབས་རྗེས་ལྷ་ས་ཉེན་རྟོག་པ་བརྒྱུད་དགོས་ཀྱི་ཡོད་པ་དང་ལམ་བར་དུ་འདམ་གཞུང་ནས་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད་དུས་ཚོད་དེ་ཡ་དུས་ཚོད་ཚད་བཀག་ཡོད་ཞིག་རེད་ཅེས་སོགས་གནས་ཚུལ་འགྲེལ་བརྗོད་གནང་སོང་།

ཡང་འབྲི་རུའི་ལོ་རྒྱུས་ཡིག་ཆར་གསལ་བ་ལྟར་ན་འབྲི་རུ་རྫོང་འབྲི་རུ་ནི་མདོ་དབུས་ཁམས་གསུམ་གྱི་ནང་ནས་མདོ་སྟོད་མི་ཡི་ཆོལ་ཁ། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ནས་ནགས་ཤོད་སྦས་ཡུལ་སྨན་ལྗོངས། མདོ་ཁམས་ཀྱི་ཕྱུག་དྲུག་གི་ནང་ནས་དངུལ་རྒྱལ་གཡང་མོ་ལུག་གིས་ཕྱུག་ཅེས་པའི་ཁོངས། གདང་ལའི་རི་རྒྱུད་ནུབ་ནས་ཤར་དུ་ནར་བའི་ལྷོ་ཕྱོགས། ཐང་ལྷའི་རི་རྒྱུད་ནུབ་ནས་ཤར་དུ་བརྐྱང་བའི་བྱང་ཕྱོགས། མདོ་ཁམས་ཀྱི་ཆུ་བཞིའི་ནང་ཚན་དངུལ་ཆུ་ཁམས་པ་འབབ་པའི་གཞུང་རྒྱུད་དུ་ཆགས་ཡོད། དེ་ཡང་ནུབ་དང་ནུབ་བྱང་གི་ས་བབ་མཐོ་ལ་ཤར་དང་ཤར་ལྷོའི་ཕྱོགས་ཀྱི་ས་བབ་དམའ། སྟོད་ཕྱོགས་རྣམས་སྤྱིའི་ཆ་ནས་འབྲོག་ས་དང། སྨད་ཕྱོགས་རྣམས་སྤྱིའི་ཆ་ནས་ཞིང་པ་ཡིན། དངུལ་ཆུ་ཁམས་པ་ནུབ་ནས་ཤར་དུ་བརྒྱུགས་པའི་གཡས་གཡོན་ཏེ། ལུང་པ་སྤྱིའི་ལྷོ་བྱང་གཉིས་སུ་གྱེས་པའི་ལུང་ཆེན་རྣམས་ཀྱི་སྨད་ཕྱོགས་དང། དངུལ་ཆུའི་འབབ་རྒྱུད་ཕལ་ཆེ་བ་ལ་སྔོན་དུས་སུ་ཤིང་ནགས་ཀྱིས་ཡོངས་སུ་ཁྱབ་ཡོད། མདོ་ཁམས་ནགས་ཤོད་འབྲི་ལྗོངས་ཡུལ་གྱི་སའི་ཆ་སྔོན་བཙན་པོའི་སྐབས་སུ་ནགས་ཤོད་སྟོང་བུ་ཆུང་ཞེས་པའི་དམག་གི་ལྟེ་བ་ནགས་ར་ལྤགས་ཐང་ཞེས་པ་དེར་རྫོང་ཆགས་པ་ནས་བཟུང་གནས་དེར་འབྲི་རུའི་སའི་ལྟེ་བ་ངོས་འཛིན་གྱི་ཡོད། ཡུལ་སྤྱིའི་ས་བབས་ནི། ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌། ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་སྨི4000ཡོད། ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང་བ། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་ཡོད་པ་རྣམ་གྲངས300ལྷག་ཡོད་པར་རྟེན་འབྲི་རུའི་མིང་གཞན་ལ་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་འབོད་སྲོལ་ཡོད་པ་ གཞན་ཡང་གཏེར་དངོས་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པར་རྟེན་ནས་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད་འདུག

ནགས་ཤོད་འབྲི་རུ་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི། འབྲི་རུ། སྟག་དྲུག །བོམ་ཕན། ཁྲ་རིང༌། འགོམ། རཀྵི། ན་རོག །བུ་རྫུམ། སེན་ཚ་བཅས་ལ་ནགས་ཤོད་ཚོ་དགུ་ཞེས་འབོད། དེང་སྐབས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་འབྲི་རུའི་ འབྲི་རུ་རྫོང་ལ་ཡུལ་ཚོ་དགུ་དང་གྲོང་ཚོ་༡༧ མི་འབོར་ཁྲི་བཞི་ལྷག་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG