ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཕྱི་རྒྱལ་བ་ཚོས་དྲྭ་ལམ་དུ་རྒྱ་ནག་ལ་ཆོས་སྤེལ་མི་ཆོག་པའི་བཀག་སྡོམ། 


༄༅།། རྒྱ་ནག་གཞུང་གིས་༢༠༢༢་ལོའི་ཕྱི་ཟླ་༣་པའི་ཚེས་༡་ནས་བཟུང་སྟེ་ཕྱི་རྒྱལ་བ་ཚོས་རྒྱ་ནག་གི་སྤྱི་ཚོགས་སུ་དྲྭ་ལམ་བརྒྱུད་ནས་ཆོས་བཤད་བྱེད་པ་དང་གསུང་ཆོས་གནང་བ། དྲྭ་ལམ་དུ་མི་ཚོགས་བསྡུས་ནས་དབང་བསྐུར་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་ཅེས་ཐག་གཅོད་བྱས་འདུག གཟའ་ཕུར་བུའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་རྒྱལ་བ་ཚོར་ཆོས་ལུགས་ཁྱབ་སྤེལ་བྱེད་མི་ཆོག་པའི་བཀག་སྡོམ་གྱི་ཁྲིམས་དེ་རྒྱ་ནག་གི་ཆོས་ལུགས་ལས་དོན་ལྷན་ཁང་དང་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ཁང་། རྒྱ་ནག་གི་བཟོ་ལས་ཆ་འཕྲིན་འཕྲུལ་རིག་ལྷན་ཁང་། རྒྱ་ནག་གི་སྤྱི་བདེ་ལྷན་ཁང་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་བཅས་ཀྱིས་མཉམ་དུ་ལག་ལེན་བསྟར་དགོས། དྲྭ་ལམ་གྱི་ཆོས་ལུགས་ཁྱབ་སྤེལ་ནང་དུ་རྒྱལ་ཁབ་ཀྱི་སྲིད་དབང་ལ་མགོ་རྟིང་སློག་དགོས་པའི་ངན་སྐུལ་བྱེད་ཀྱི་ཡོད་པ་དང་ལོ་ཆུང་ཚོའི་བློ་ཁ་ཆོས་ལ་སྒྱུར་གྱི་འདུག རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་ཁག་གིས་རྒྱལ་ནང་གི་ཚོགས་པ་ཁག་དང་སྒེར་པ་ཁག་ཕྱི་རྒྱལ་གྱི་ཚོགས་པ་ཁག་དང་སྒེར་པ་ཁག་ལ་ངན་འབྲེལ་བྱས་ནས་ཆོས་ལུགས་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རྣམས་བཀག་སྡོམ་བྱ་དགོས། ཆོས་ལུགས་ཀྱི་མཛད་སྒོ་ཁག་དྲྭ་ལམ་དུ་ཐད་གཏོང་བྱེད་མི་ཆོག་པ་དང་སྤྱི་སྒེར་གཉིས་ཀས་ཆོས་ལུགས་ཁ་ལ་ཁྱེར་ནས་དྲྭ་ལམ་དུ་དཔལ་འབྱོར་འདུ་འགོད་བྱེད་མི་ཆོག རྒྱ་ནག་གི་ཚོགས་པ་ཁག་དང་སྒེར་པ་ཚོས་དྲྭ་ལམ་དུ་ཆོས་ལུགས་ཁྱབ་སྤེལ་གཏོང་དགོས་ན་ངེས་པར་དུ་ས་གནས་སོ་སོའི་ཆོས་ལུགས་ལས་དོན་ལྷན་ཁང་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཞུ་དགོས། སྲིད་གཞུང་གིས་ཆོག་མཆན་བཀོད་པའི་སྤྱི་སྒེར་གཉིས་ཀས་སྤྱི་ཚོགས་འཆམ་མཐུན་དང་མི་དམངས་ལ་རྒྱལ་གཅེས་རིང་ལུགས་ཀྱི་མདུན་ལམ་སྟོན་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་དགོས་ཞེས་བཀོད།།

ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་གཉིས་ཀྱི་གོང་དུ་རྒྱ་ནག་གི་ཆོས་ལུགས་ལས་དོན་གྱི་ཚོགས་འདུ་ཚོགས་ཡོད་ཅིང་། ཚོགས་འདུ་དེར་ཞིས་ཅིན་ཕིང་སོགས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་མཉམ་ཞུགས་བྱས་ནས་དྲྭ་ལམ་གྱི་ཆོས་ལུགས་ཁྱབ་སྤེལ་ཁག་ལ་ཞིབ་བཤེར་བྱ་དགོས། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཆོས་ལུགས་ཁྱབ་སྤེལ་གྱི་དམ་དྲག་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དྲྭ་ལམ་གྱི་ཆོས་ལུགས་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ཆོས་དད་རང་དབང་ནི་རྒྱ་ནག་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར། གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་བཞི་རྒྱ་ནག་སོགས་ལ་ཡོང་མི་ཆོག་པའི་ཉེས་ཆད་བཅད། དེ་བཞིན་རྒྱ་ནག་གཞུང་གིས་བོད་པ་ནང་པ་རྣམས་དང་ཞིན་ཅང་གི་ཡུ་གུར་བ་ཁ་ཆེ་མི་རིགས། རྒྱ་གཞུང་གི་ཆོས་ལུགས་སྒྲིག་འཛུགས་ཁོངས་སུ་མ་འདུས་པའི་ཡེ་ཤུ་ཆོས་དད་པ་ཚོར་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཁ་ཆེའི་ལྷ་ཁང་སྟོང་ཕྲག་མང་པོ་ཤུལ་མེད་བཏང་བར་མ་ཟད། ཡེ་ཤུའི་ལྷ་ཁང་བརྒྱ་ཕྲག་མང་པོ་གཏོར་བཤིག་བཏང་བ་དང་རྒྱ་གཞུང་གི་ཆོག་མཆན་མེད་པར་འཛུགས་སྐྲུན་བྱས་པའི་བོད་ཀྱི་དགོན་པ་ཁག་དང་གྲྭ་ཤག་རྣམས་གཏོར་བཤིག ལོ་༡༨་མན་ཆད་ཀྱི་བོད་པ་ལོ་ཆུང་རྣམས་དགོན་སྡེ་ཁག་ལ་ཆོས་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་ཆེ་རུ་སོང་། རྒྱ་གཞུང་གིས་ཆོག་མཆན་སྤྲད་པའི་སྤྱི་སྒེར་དེ་དག་ངེས་པར་དུ་རྒྱ་ནག་གི་སྤྱི་དམངས་ཡིན་དགོས་ཤིང་། ཁོ་ཚོས་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ཁྱབ་སྤེལ་གཏོང་དགོས་ཞེས་བསྒྲགས།།

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་བཀོད་པ་ལྟར་ན། ད་ལྟའི་སྒྲིག་ཁྲིམས་གསར་པའི་འོག་ཏུ་ཆོས་ལུགས་ཁྱབ་སྤེལ་བ་ཚོས་རང་གི་ས་གནས་ཀྱི་ཆོས་ལུགས་ལས་དོན་ལྷན་ཁང་ཁག་ལ་སྙན་ཞུ་ཕུལ་ནས་དྲྭ་ལམ་དུ་ཆོས་བཤད་བྱེད་ཆོག་པའི་ལག་འཁྱེར་ཞུ་དགོས། ཁོ་ཚོའི་ལག་འཁྱེར་གྱི་དུས་ཡུན་ལོ་གསུམ་ཡིན། ཆོས་བཤད་ཀྱི་དུས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་གོང་བཀུར་མི་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག སྤྱི་ཚོགས་བརྟན་ལྷིང་ལ་གནོད་པ་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་བཅས་ཀྱི་ལྟ་གྲུབ་རྣམས་ཁྱབ་སྤེལ་བྱེད་མི་ཆོག སྲིད་གཞུང་གི་ཆོག་མཆན་བཀོད་པའི་ཚོགས་པ་ཁག་དང་ཆོས་ལུགས་སློབ་གྲྭ ལྷ་ཁང་དང་དགོན་སྡེ་ཁག་མ་ཡིན་པའི་ཚོགས་པ་དང་སྒེར་པ་ཁག་གིས་དྲྭ་ལམ་དུ་ཆོས་ལུགས་ཁྱབ་སྤེལ་དང་སྦྱོང་བརྡར། དྲྭ་ལམ་གྱི་གསུང་ཆོས་རྣམས་འགྲེམ་སྤེལ་དང་བསྐྱར་སྤེལ། དེ་ལ་མཆན་བྲིས་ནས་བགྲོ་གླེང་སོགས་བྱེད་མི་ཆོག དྲྭ་ལམ་དུ་སངས་རྒྱས་ཀྱི་སྐུ་ལ་ཕྱག་མཆོད་དང་བསང་མཆོད། འདོན་པ་འུར་འདོན་དང་མི་ཚོགས་ལ་ཁྲུས་དབང་བསྐུར་བ་སོགས་བྱེད་མི་ཆོག་ཅེས་འཁོད། དེར་བརྟེན་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་ཐེབས་རྒྱུ་ཉག་ཅིག་ཡིན་ཞིང་། ཕྱི་ཟླ་༡༢་པའི་ཚེས་༤་ཉིན་ཚོགས་པའི་རྒྱ་ནག་གི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་གིས་ཆོས་ལུགས་ཀྱི་ལས་དོན་མཐའ་དག་རྒྱ་ནག་གི་དར་འཕེལ་གྱི་རྩ་དོན་ལ་མཐུན་དགོས། སྤྱི་ཚོགས་རིང་ལུགས་ལ་མཐུན་པའི་ཆོས་ལུགས་བྱེད་སྒོ་ཁག་དར་སྤེལ་གཏོང་དགོས་པའི་ལམ་སྟོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

རྒྱ་ནག་གི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཀུན་སྤྱོད་ཞིབ་འཇུག་སློབ་དཔོན་ཤུང་ཁུན་ཞིན་གྱིས་ཕྱི་རྒྱལ་གྱི་ཚོགས་པ་ཁག་དང་སྒེར་པ་ཚོས་དྲྭ་ལམ་དུ་ཆོས་ལུགས་ཁྱབ་སྤེལ་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་པེ་ཅིང་གི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཆོས་སྡེ་ཁག་ལ་ཕྱིའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་འགོག་ཐབས་ཤིག་རེད། ད་ལྟ་རྒྱལ་སྤྱིའི་གནས་སྟངས་ནི་ཧ་ཅང་གི་མགོ་བོ་ཉོག་པོ་ཞིག་ལ་གྱུར་འདུག ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་མི་རི་ཀ་སོགས་ཀྱིས་རྒྱ་ནག་གི་འཕེལ་རྒྱས་ཕྱོགས་གང་ཐད་དུ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད། ཆོས་ལུགས་ཁྱབ་སྤེལ་བ་ཁག་ཅིག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་ལས་འགུལ་སྤེལ་གྱི་ཡོད་ཤས་ཆེ་ཞེས་བཀྲལ། ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་བཏོན་པ་ལྟར་ན། ཟླ་བ་སྔོན་མའི་ཟླ་མཇུག་དེར་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་གཞུང་གི་མཐོ་རིམ་ལས་སྣེ་ཚོ་སོག་རྫོང་གི་གྲོང་རྡལ་གསུམ་ལ་སྐོར་སྐྱོད་ཀྱིས་ས་གནས་མི་དམངས་ལ་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་ཐུགས་ཐག་གཅོད་ཀྱི་ཡོད་པ་ཚོར་ངོས་ལེན་བྱ་དགོས་ཞེས་བསམ་བློའི་སློབ་གསོ་བཏང་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་རྣམས་བོད་པ་མང་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པ་མཚོན་ཐུབ། ཐོག་མར་༢༠༠༧་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་རྣམས་དབུས་གཞུང་གིས་ངོས་འཛིན་དང་ཆོག་མཆན་འགོད་དགོས་ཞེས་ཁྲིམས་ཤིག་གཏན་ལ་ཕབ། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཁག་གི་ཡང་སྲིད་རྣམས་ངོས་འཛིན་བྱ་རྒྱུའི་དབང་ཆ་འཛིན་ཐབས་བྱེད་ཀྱི་ཡོད་པ་ནི་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༥་པ་རྒྱ་ནག་གཞུང་གིས་ངོས་འཛིན་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་གླེང་། རྒྱ་ནག་གཞུང་གིས་རྒྱ་གར་ནས་དགེ་བཤེས་ཐོན་ཏེ་བོད་ལ་ཕྱིར་ལོག་བྱས་ནས་དཔེ་ཁྲིད་བྱེད་ཀྱི་ཡོད་པ་རྣམས་ལའང་དཔེ་ཁྲིད་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG