ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྫ་དབོན་པོ་དགོན་གྱི་གྲྭ་པ་༤་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ལམ་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༧་ཉིན་གྱི་མཚན་མོར་རྒྱ་གཞུང་གིས་ཆ་བགོ་བྱས་པའི་དཀར་མཛེས་ཁུལ། སེར་ཤུལ་རྫོང་གི་རྫ་སྨད་ཞང་ཁོངས་སུ་གཏོགས་པའི་རྫ་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་གཞུང་ལས་ཁུངས་ཤིག་གི་ར་སྐོར་ནང་དུ་བོད་རང་བཙན་དོན་དུ་འཐོབ་རྩོད་བྱ་དགོས་ཞེས་དྲིལ་བསྒྲགས་ཡིག་ཆ་བརྒྱ་ཕྲག་མང་པོ་གཏོར་འགྲེམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག མཚན་མོ་དེར་རྒྱ་གཞུང་གི་ཉེན་རྟོག་པས་རྫ་དབོན་པོ་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་པ་ལོ་ན་༢༠་ལ་སོན་པ་ཀུན་གསལ་དང་། རང་ལོ་༡༨་ཡས་མས་སུ་སོན་པའི་གྲྭ་རྟ་མེ། རང་ལོ་༡༨་ཡས་མས་སུ་སོན་པའི་གྲྭ་བསོད་བཀྲ རང་ལོ་༡༨་ཡས་མས་སུ་སོན་པའི་གྲྭ་ཚུལ་ཁྲིམས་རྣམས་ཡིག་ཆ་གཏོར་འགྲེམས་བྱས་པའི་དོགས་གཞིའི་འོག་མཚན་དེར་རང་ཤག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པར་མ་ཟད། ཁོ་ཚོའི་དགེ་རྒན་ཤེར་རྒྱམ་ཡང་སྐབས་དེར་འཛིན་བཟུང་བྱས་ཀྱང་ཕྱི་ཟླ་༡༡་པའི་ཚེས་༡༨་གློད་ཀྲོལ་བཏང་འདུག ད་ལྟ་གོང་ཞུས་ཀྱི་གྲྭ་པ་དེ་རྣམས་སེར་ཤུལ་རྫོང་དུ་ཁྲིད་ནས་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིག་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ཆོས་ཞུགས་བྱེད་པའི་བྱམས་པ་ཡོན་ཏན་ལགས་སུ་བོད་ནས་འབྲེལ་ཡོད་ཚོས་ཁུངས་ལྡན་གྱི་གསར་འགྱུར་མཁོ་སྤྲོད་བྱུང་འདུག

གོང་གསལ་འཛིན་བཟུང་བཀག་ཉར་བྱས་པའི་དགེ་འདུན་པ་དེ་དག་གི་སྐྱེས་ཡུལ་ས་གནས་གང་ཡིན་ནི་གསལ་པོར་ཤེས་རྟོག་ཐུབ་མི་འདུག ངོ་རྒོལ་ལས་འགུལ་གྱི་གནད་དོན་དེ་བྱུང་དགོས་དོན་ནི་རྒྱ་ནག་གཞུང་གིས་འདི་ལོ་དམིགས་བསལ་མདོ་དབུས་ཁམས་གསུམ་ལ་སྤེལ་བཞིན་པའི་ལས་འགུལ་ཏེ། རྒྱ་ནག་གུང་ཁྲན་ཏང་གི་བཀའ་དྲིན་འོག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཕྱིན་པ་ངོས་ཟིན་དགོས་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལྟར་རྫ་དབོན་པོ་ཡུལ་ཚོ་ལའང་རྒྱ་གཞུང་གི་གོང་རིམ་ལས་སྣེ་ཚོ་ལྟ་སྐོར་དུ་ཡོང་བ་དང་སྦྲགས། ཉེ་ཆར་རྒྱ་གཞུང་གིས་གསར་རྒྱག་བྱས་པའི་གྲོང་ཁང་གསར་པའི་ནང་དུ་གནས་སྤོར་བྱས་པའི་འབྲོག་པ་རྣམས་ལ་བཙན་དབང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་བླངས་ནས་མའོ་ཙེ་ཏུང་དང་ཞིས་ཅིན་ཕིང་གི་ཐང་ག་རྣམས་གཤོམ་དུ་བཅུག་ཡོད་ཅིང་། གུང་བྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་ཏང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཤད་བཅུག་ནས་གང་བཤད་པ་རྣམས་ཚིག་ཐོར་ཕབ་ནས་བརྙན་བླངས་ཏེ་དྲ་ལམ་ཁག་ཏུ་བཀྲམ་འདུག

སྐབས་དེར་འབྲོག་པ་མང་པོ་ཞིག་གིས་འཆི་བ་སྲོག་ལ་ཐུག་ཀྱང་དེ་ལྟར་མི་བྱེད་ཅེས་ངོས་ལེན་མ་བྱས་ཤིང་། མི་རེ་ཟུང་གིས་དེ་ལྟར་བྱ་དགོས་བྱུང་བ་རྣམས་མི་དམངས་ཀྱིས་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་ནས་དྲྭ་ཐོག་དུ་སྤེལ་བ་སོགས་རྒྱ་གཞུང་གིས་ཡུལ་མིའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་སྟེ། ཡུལ་མི་ཕན་ཚུན་ནང་ཁུལ་མི་མཐུན་པ་བཟོས་པ་བཅས་ལ་བརྟེན། མང་ཚོགས་འུ་ཐུག་སྟེ་གོང་གསལ་གྱི་ལས་འགུལ་དེ་སྤེལ་བ་ཞིག་ཡིན་པ་རེད་འདུག སྤྱིར་སེར་ཤུལ་རྫོང་དབོན་པོ་ཡུལ་དགོན་གཉིས་སུ་ཕྱི་ལོ་ཕྱི་ལོ་༢༠༠༨་ནས་བཟུང་སྟེ་སེར་སྐྱ་མང་ཚོགས་ཀྱིས་རྒྱ་ནག་གཞུང་གི་དྲང་བདེ་མིན་པའི་དབང་འགྱུར་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཞིང་སྤེལ་ཡོད། ད་སྔ་དབོན་པའི་དགོན་པའི་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་དང་བཀག་ཉར་སོགས་བྱས་ཤིང་། རྒྱ་གཞུང་གིས་ས་གནས་དེར་དམིགས་བསལ་དམ་དྲག་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན། ད་ལྟའི་ཆར་སེར་ཤུལ་རྫོང་ཁོངས་སུ་དྲྭ་རྒྱ་བཀག་འགོག་བྱས་པར་བརྟེན། ས་ཁུལ་དེའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་ཞུ་རྒྱུར་དཀའ་ངལ་འདུག་ཅེས་བཤད་ཡོད་པ་རེད།

XS
SM
MD
LG