ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཁ་པར་བཟོ་གྲྭར་ངོ་རྒོལ།


༄༅།། རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་དུ་གཞིས་ཚུགས་ཡོད་པའི་འཛམ་གླིང་གི་ལག་ཐོགས་ཁ་པར་བཟོ་གྲྭ་ཆེ་ཤོས་དེའི་བཟོ་པ་ཚོས་ངོ་རྒོལ་བྱས་པ་དང་བཟོ་པ་ཁག་ཅིག་གིས་ཉེན་རྟོག་པར་རྒོལ་འཛིང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་རེ་ཡོ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བཟོ་པ་བརྒྱ་ཕྲག་མང་པོ་དཔུང་སྐྱོད་བྱེད་ཀྱི་ཡོད་པ་དང་རྒྱ་གཞུང་གི་ཉེན་རྟོག་པས་ལམ་བཀག བཟོ་པ་ཁག་ཅིག་གིས་ཉེན་རྟོག་པས་རྡུང་རྡེག་བཏང་སོང་ཞེས་སྐད་རྒྱག་གི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ། ཐེ་ཝན་གྱི་ཧྥོག་སི་ཀོན་བཟོ་ཚོང་ཁང་གིས་བཟོ་གྲྭའི་ལས་སྣེ་ཚོ་དང་ས་གནས་གཞུང་མཉམ་འབྲེལ་བྱས་ནས་དྲག་ཟིང་འགོག་ཐབས་བྱེད་ཀྱི་ཡོད། བཟོ་པ་ཁག་ཅིག་ལ་གླ་ཕོགས་རག་རྒྱུ་མིན་པའི་བློ་འཚབ་ཡོང་གི་ཡོད་ཀྱང་ང་ཚོས་གན་རྒྱའི་འབྲུ་དོན་ལྟར་བཟོ་པ་ཚོར་གླ་ཕོགས་ཆད་མི་སྲིད། ཏོག་དབྱིབས་ནད་དུག་འགོས་པའི་བཟོ་པ་གསར་པ་ཚོ་བཟོ་པ་རྙིང་པ་ཚོའི་མལ་ཁང་དུ་འཇོག་གི་འདུག་ཅེས་དཀྲོག་གཏམ་ཞིག་སྒྲོགས་ཀྱི་ཡོད་པ་ནི་གཏན་ནས་བདེན་པ་མ་རེད། བཟོ་པ་གསར་པ་རྣམས་མ་སྤོར་གོང་དུ་ས་གནས་ཀྱི་འཕྲོད་བསྟེན་ལས་སྣེ་ཚོས་མལ་ཁང་དུ་དུག་སེལ་བྱས་ནས་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཟླ་བ་སྔོན་མར་རྒྱ་ནག་གི་ཀྲེང་ཀྲུག་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ལག་ཐོགས་ཁ་པར་བཟོ་གྲྭ་དེར་སྒོ་རྒྱ་བསྡམས། བཟོ་པ་སྟོང་ཕྲག་མང་པོས་ལྕགས་སྒོ་དང་བརྩིགས་གྱང་བརྒལ་ནས་རང་ཁྱིམ་དུ་བྲོས། དེར་བརྟེན་ཧྥོག་སི་ཀོན་བཟོ་གྲྭར་ལས་མི་འདང་ངེས་མེད་པར་བཟོ་པ་གསར་པ་བསྡུས་ནས་གླ་ཕོགས་ཀྱི་སྟེང་དུ་བཟོས་སྒོ་གང་ལེགས་སྤྲོད་རྒྱུའི་ཁས་བླངས། ཀྲེང་ཀྲུག་གྲོང་ཁྱེར་གྱི་བཟོ་གྲྭ་དེ་འཛམ་གླིང་གི་ཀུ་ཤུ་ཁ་པར་བཟོ་སྒྲིག་ཁང་ཆེ་ཤོས་ཡིན་ཞིང་། ད་ལོའི་ངོ་རྒོལ་ལ་བརྟེན་ནས་ཀུ་ཤུ་ཁ་པར་ཐོན་རིམ་༡༤་པ་དུས་ཐོག་ཏུ་ཚོང་འགྲེམ་བྱེད་ཐུབ་ཀྱི་མེད་པ་དང་ཀུ་ཤུ་ཁ་པར་ཐོན་རིམ་༡༥་པ་བཟོ་སྒྲིག་བྱ་རྒྱུ་ནར་འགྱངས་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུ

ད་ཐེངས་ཀྱི་ངོ་རྒོལ་སྐད་འབོད་ཐད་གཏོང་བྱས་པའི་བརྙན་ཐུང་ནང་དུ་བཟོ་པ་ཁག་ཅིག་གིས་ང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས། ང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པའི་སྒྲ་སྐད་ཐོས། བཟོ་པ་ཁག་ཅིག་གིས་རྒྱུག་པ་བཟུང་ནས་ལྟ་སྲུང་པར་ཆས་དང་སྒེའུ་ཁུང་གཅོག་གི་ཡོད་པ་རྣམས་གསལ། བཟོ་པ་ཞིག་གིས་ཧྥོག་སི་ཀོན་བཟོ་ཚོང་ཁང་གིས་གན་རྒྱ་འགྱུར་བཅོས་བཏང་སྟེ་ཐོག་མར་ཁས་ལེན་བྱས་པའི་རོགས་དངུལ་རྣམས་གཅོད་ཀྱི་ཡོད་པ་དང་ང་ཚོ་ཟུར་འགོག་བྱས་ནས་བཟའ་བཏུང་སྤྲོད་ཀྱི་མི་འདུག ཧྥོག་སི་ཀོན་བཟོ་ཚོང་ཁང་གིས་ང་ཚོའི་དགོས་འདུན་རྣམས་མ་བསྒྲུབས་ན་ང་ཚོས་མུ་མཐུད་དུ་འཐབ་རྩོད་བྱ་རྒྱུ་ཡིན་ཞེས་སྐད་བརྒྱབ། བཟོ་པ་གཞན་ཞིག་གིས་ཉེན་རྟོག་པས་རྡུང་རྡེག་བཏང་ནས་མི་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་ངས་མཐོང་སོང་ཟེར། ཧྥོག་སི་ཀོན་བཟོ་ཚོང་ཁང་གི་ཀྲེང་ཀྲུག་ལས་གྲྭའི་བཟོ་པ་ཞིག་གིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ང་ཚོས་ངོ་རྒོལ་བྱས་དགོས་དོན་ནི་བཟོ་ཚོང་ཁང་གིས་སྔོན་ཆད་ཁས་ལེན་བྱས་པའི་གན་རྒྱ་དེར་འགྱུར་བ་བཏང་སོང་ཞེས་རྒྱུ་མཚན་བགྲངས། བཟོ་གྲྭའི་ལས་བྱེད་པ་ཞིག་གིས་བཟོ་པ་གསར་པ་ཁག་ཅིག་གིས་ང་ཚོ་བརྒྱུད་ནས་ནད་དུག་འགོ་རྒྱུ་རེད་བསམས་ནས་སྐྲག་སྣང་བྱེད་ཀྱི་ཡོད་པ་འདྲ། ནད་དུག་ཁྱབ་པའི་རིང་དེར་ང་ཚོ་བཟོ་གྲྭའི་ནང་དུ་བསྡད་བསྡད་པ་ཡིན། བཟོ་པ་ངོ་རྒོལ་བྱེད་མཁན་ཚོས་རོགས་དངུལ་སྤྲོད་དགོས། ཁོ་ཚོ་རང་ཁྱིམ་དུ་ལོག་གི་ཡིན་ཞེས་སྐད་རྒྱག་གི་ཡོད་པ་རེད། གཟའ་ལྷག་པའི་ཞོགས་པར་བཟོ་གྲྭའི་ཉེ་འཁོར་དུ་ཉེན་རྟོག་པ་མང་པོ་བཀྲམ་འདུག་ཅེས་བཀྲལ། ཐད་གཏོང་བརྙན་འཕྲིན་ཁག་གི་ནང་དུ་བཟོ་གྲྭའི་ཕྱི་ལོགས་སུ་དྲག་ཆས་ཉེན་རྟོག་པ་དཔུང་ཚོགས་ཤིག་བཀྲམ་ཡོད་པ་གསལ།།

ཧྥོག་སི་ཀོན་བཟོ་ཚོང་ཁང་གི་ལས་བྱེད་པ་གསར་པ་ཞིག་གིས་ང་གཟའ་ལྷག་པའི་ཉིན་ངོ་རྒོལ་བྱ་ཡུལ་དུ་རྟོག་ཞིབ་བྱེད་དུ་ཕྱིན་པ་ཡིན། མི་ཞིག་གི་མགོ་ནས་ཁྲག་ཐོན་ཏེ་ཐང་དུ་ཉལ་འདུག ཁོ་ཚོས་ངོ་རྒོལ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་ངས་གསལ་པོ་ཞིག་ཤེས་མ་བྱུང་། ཁོ་ཚོས་བཟོ་པ་གསར་པ་རྣམས་མལ་ཁང་ནང་དུ་མཉམ་བསྲེས་བྱེད་ཀྱི་འདུག བཟོ་པ་གསར་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རེད་ཟེར་གྱི་འདུག་ཅེས་བྷི་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག ཁ་སྔོན་ཕྱི་ཟླ་༡༠་ནང་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཁ་པར་བཟོ་གྲྭ་དེར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་དང་བཟོ་གྲྭའི་ལས་བྱེད་པ་ཚོས་ལྟ་སྐྱོང་བཟང་པོ་བྱེད་ཀྱི་མི་འདུག་ཅེས་བཟོ་པ་ཚོས་སྡུག་སྐད་བརྒྱབ། ཧྥོག་སི་ཀོན་བཟོ་ཚོང་ཁང་གི་བཟོ་པ་རྣམས་དོས་སྐྱེལ་རླངས་འཁོར་ཐོག་ཏུ་འཛེགས་པ་དང་རྐང་ཐང་དུ་རང་ཁྱིམ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཁག་འཛམ་གླིང་ཡོངས་སུ་ཁྱབ། དེའི་རྗེས་སུ་ཁ་པར་བཟོ་གྲྭ་དེར་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པ་འགོག་ཐབས་སུ་བཟོ་གྲྭ་དེ་ཀྲེང་ཀྲུག་གྲོང་ཁྱེར་ལ་འབྲེལ་བ་ཡོངས་སུ་བཅད། ཟླ་བ་འདིའི་མགོ་སྟོད་དུ་ཧྥོག་སི་ཀོན་བཟོ་ཚོང་ཁང་གིས་ཀྲེང་ཀྲུག་གྲོང་ཁྱེར་གྱི་བཟོ་གྲྭ་དེར་བར་ཆད་བྱུང་ནས་ཀུ་ཤུ་ཁ་པར་ཐོན་རིམ་༡༤་པ་དུས་ཐོག་ཏུ་ཚོང་འགྲེམ་བྱེད་ཐུབ་རྒྱུ་ཁག་པོ་འདུག་ཅེས་གསལ་བསྒྲགས་སྤེལ། བྷུ་ལུམ་བྷག་གསར་ཁང་གིས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཀུ་ཤུ་ཁ་པར་བཟོ་གྲྭ་དེར་བཟོ་པ་འབུམ་༢་ལྷག་ཡོད་ཅིང་། ཁོ་ཚོ་དུས་ཡུན་རིང་པོར་ཟུར་འགོག་བྱས་ནས་ཟས་ངན་ལ་རོལ་དགོས་བྱུང་བར་མ་ཟད། སྐབས་འགར་ཟས་དོད་ཀྱང་སྨན་ཡོན་ལ་འགྲོ་གྲོན་གཏོང་དགོས་པའི་དཀའ་ངལ་ཕྲད། གཟའ་ལྷག་པའི་ངོ་རྒོལ་དེ་སྟེས་དབང་གི་ངོ་རྒོལ་དང་ངོ་རྒོལ་བྱེ་བྲག་པ་ཞིག་མ་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཁྲེགས་པོ་ཞིག་ལག་ལེན་བསྟར་གྱི་ཡོད་པར་མི་རྣམས་འུ་ཐུག་གི་ཡོད་པའི་རྟགས་མཚན་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་ནས་་ཨོ་གླིང་གི་མེཀ་ཀོ་རི་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པ་བ་ལེ་རི་ཧུ་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགོག་ཐབས་མེད་པའི་མཚམས་སུ་སླེབས་ཉེན་ཆེ། འདས་པའི་ཉི་མ་འགའ་ཞིག་གི་ནང་དུ་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༨༠༠༠་རེ་འབྱུང་གི་འདུག འདི་ནི་ལོ་འདིའི་ཕྱི་ཟླ་༤་པར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་སྒོ་རྒྱ་བསྡམས་པའི་སྐབས་ཀྱི་ནད་པའི་གྲངས་འབོར་དང་གཅིག་མཚུངས་རེད། ཉེ་དུས་ཤིག་ནས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་གྱི་རྒྱལ་ས་ཀོང་ཀྲུག་དང་པེ་ཅིང་། རྒྱ་ནག་དབུས་ཕྱོགས་སུ་ཏོག་དབྱིབས་ནད་དུག་ཤུགས་ཆེན་པོ་ཞིག་ཁྱབ་ཀྱི་འདུག ས་གནས་ཁག་གི་འགོ་ཁྲིད་ཚོས་ཚོང་ལས་དང་སྤྱི་ཚོགས་ཀྱི་འགུལ་སྐྱོད་བཀག་ནས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལྷུག་ཡངས་གཏོང་རྒྱུ་དེར་ངེས་གཏན་བྲལ། ཟླ་ཤས་གོང་དུ་ཧྲང་ཧེ་ལ་འགྲོ་འོང་བཀག་པ་ལྟར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་དམ་པོ་ཞིག་ལག་ལེན་མ་བསྟར་ཚེ། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་དེར་གྲུབ་འབྲས་ཐོན་དཀའ། ད་ལྟ་རྒྱ་ནག་གི་འགོ་ཁྲིད་ཚོས་ནད་དུག་མགོ་འཇོམས་རྒྱུ་དང་གནས་སྐབས་རིང་ནད་ཡམས་བཀག་སྡོམ་ནན་པོ་བྱ་དགོས། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་བྱེད་མ་ཐུབ་ཀྱང་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ལྡབ་འགྱུར་ཞིག་འཕར་སྣོན་འགྲོ་སྲིད་པ་འགོག་ཐབས་བྱ་དགོས་ཀྱི་འདུག པེ་ཅིང་གི་དབང་འཛིན་པ་ཚོས་ཟླ་བ་༦་ནས་༩་ཡི་ནང་ཚུད་དུ་ལྷུག་ཡངས་གཏོང་རྒྱུའི་བརྡ་ཞིག་གཏོང་གི་ཡོད་ཀྱང་དེ་ལ་འགོག་རྐྱེན་སྣ་མང་ཞིག་འཕྲད་ས་རེད་ཅེས་བསྟན།།

ཉི་ཧོང་གི་ནོ་མུ་ར་དཔལ་འབྱོར་ཉམས་ཞིབ་ཁང་གི་མཁས་པ་ཏིང་ལུ་ཡིས་བཤད་པ་ལྟར་ན། རྒྱ་ནག་གི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལ་བརྟེན་ནས་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༢༠་ཐམ་པ་ཉམས་ཆག་སོང་། ད་ལོའི་ཕྱི་ཟླ་༤་པར་ཧྲང་ཧེ་ལ་འགྲོ་འོང་བཀག་སྡོམ་ནན་པོ་བྱས་པའི་སྐབས་སུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢༡་.༢་ཉམས་རྒུད་འཕྲིན་འདུག ཝི་ཏེ་ནམ་གྱིས་ན་ནིང་སྟོན་ཁ་ནས་ལག་ལེན་བསྟར་གྱི་ཡོད་པའི་ནད་འགོག་སྲིད་ཇུས་དེར་རྒྱ་ནག་གིས་མིག་དཔེ་བལྟ་དགོས། ཝི་ཏེ་ནམ་གྱིས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་འཕར་སྣོན་འགྲོ་རུ་མི་འཇུག་རྒྱུ་གཙིགས་སུ་བཟུང་བ་རེད། རྒྱ་ནག་གི་ས་གནས་ཁག་གི་འགོ་ཁྲིད་ཚོས་ནད་དུག་འགོས་པའི་མིའི་གྲངས་འབོར་འཕར་དུ་འཇུག་མི་ཉན་པ་དང་ས་གནས་བྱེ་བྲག་པ་རེར་སྒོ་རྒྱ་བསྡམས་ནས་ནད་ཡམས་བཀག་སྡོམ་བྱ་རྒྱུ་ནི་བསྒྲུབ་དཀའ་བ་ཞིག་ཏུ་གྱུར། གཟའ་ཟླ་བའི་བར་དུ་རྒྱ་ནག་མི་དམངས་དུང་ཕྱུར་༤་དང་ས་ཡ་༡༢་ལ་ནད་དུག་འགོས། བདུན་ཕྲག་སྔོན་མར་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དུང་ཕྱུར་༣་དང་བྱེ་བ་༤་འདུག རྒྱ་ནག་གི་འགྲོ་འོང་བཀག་སྡོམ་མང་ཆེ་བ་མང་ཚོགས་ལ་སྔོན་ནས་ཁྱབ་བསྒྲགས་མ་བྱས་པར་ལག་ལེན་བསྟར་འདུག ང་ཚོའི་སེམས་པར་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་ལ་སྒོ་རྒྱ་དམ་པོ་བསྡམས་ཡོད་པར་སྣང་ཞེས་སྙན་ཐོན་བཏོན། ཁ་སང་གཟའ་མིག་དམར་ནས་པེ་ཅིང་གྲོང་ཁྱེར་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་དམ་དུ་བཏང་སྟེ་མི་མང་ལ་ཡང་ནས་ཡང་དུ་བརྟག་དཔྱད་བྱ་དགོས། ཟ་ཁང་ཁག་གི་ནང་ལོགས་སུ་བཟའ་བཏུང་ལ་རོལ་མི་ཆོག ཚོང་ཁང་དང་མི་ཚོགས་འཛོམས་ས་རྣམས་སྒོ་རྒྱག་དགོས། སློབ་གྲྭ་ཁག་གིས་དྲྭ་ལམ་དུ་སློབ་ཚན་འཁྲིད་དགོས། པེ་ཅིང་གི་དུས་སྟོན་མང་ཆེ་བ་ཕྱིར་འགྱངས་བྱས་པའམ། ཡང་ན་ལོ་འདིར་དུས་སྟོན་ཁག་ཚུགས་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG