ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་གི་ཚད་གཞི་དམའ་ཤོས་རེད་འདུག


འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་དང་སྟབས་བསྟུན། ༢༠༢༣ ལོའི་སྤྱི་ཟླ་༥ པའི་ཚེས་༣ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པས་འཛམ་གླིང་གསར་འགོད་རང་དབང་གི་གནས་སྟངས་སྐོར་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་ལས། རྒྱ་ནག་དང་བྱང་ཀོ་རི་ཡ་རྒྱལ་ཁབ་གཉིས་ནི་དེང་སང་འཛམ་གླིང་ཐོག་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཆགས་ཡོད་པ་གསལ་སྟོན་གནང་འདུག

དེ་སྔ་༢༠༠༢ ལོར་འཛམ་གླིང་ནང་གསར་འགོད་རང་དབང་གི་བང་རིམ་ནང་ནས་ཨང་༡༨ ལ་སླེབས་མྱོང་བའི་ཧོང་ཀོང་དེ་བཞིན་ན་ནིང་ལོར་ཨང་༨༠ ནས་༡༤༨ ལ་མར་ཟགས་ཡོད་ཅིང་། ད་ལོར་ཧོང་ཀོང་གི་དཔལ་འབྱོར་ཅུང་ཟད་ཡར་རྒྱས་ཕྱིན་ཡོད་ཀྱང་། ཆབ་སྲིད་དང་ཁྲིམས་སྐྱོང་། སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག་སོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་བསྟུན་ནས་གསར་འགོད་རང་དབང་གི་གནས་སྟངས་སྔར་བཞིན་ཛ་དྲག་གི་གནས་སུ་ལྷུང་ཡོད་པར་གོང་ཞུས་སྙན་ཐོའི་ནང་ཐེར་འདོན་གནང་འདུག

སྤྱིར་འཛམ་གླིང་གསར་འགོད་རང་དབང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་ནི་གཙོ་བོ་གསར་འགོད་པ་དང་། ཉམས་ཞིབ་པ། འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་ཚོར་བཅར་འདྲི་བྱས་ནས་འཛམ་གླིང་ཡུལ་གྲུ་ཚང་མའི་ཆབ་སྲིད་དང་ཁྲིམས་སྐྱོང་། དཔལ་འབྱོར་དང་། སྤྱི་ཚོགས་དང་རིག་གནས་ཁོར་ཡུག བདེ་འཇགས་བཅས་ཕྱོགས་ལྔའི་ཐོག་ལ་རྒྱུས་ལོན་དང་བརྟག་དཔྱད་བྱས་ནས་ཐོབ་པའི་ཞིབ་འཇུག་གི་གྲུབ་དོན་ཞིག་ཡིན་པ་རེད།

ཧོང་ཀོང་ནང་གསར་འགོད་རང་དབང་སྐོར་གྱི་དམ་དྲག་ལ་འགྱུར་བ་ཕྱིན་མེད།

ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱི་འགན་འཛིན་ཁྲེང་ལང་ཧྲེང་གིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་ཁོ་ཚོ་ད་ལན་གྱི་རྟོག་ཞིབ་དེའི་ནང་མཉམ་བཞུགས་བྱས་མེད་པ་བརྗོད་འདུག ཡང་ཧོང་ཀོང་བརྙན་འཕྲིན་ཁང་གི་འགན་འཛིན་ཟུར་པ་དང་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཧོང་ཀོང་གསར་འགོད་ལྷན་ཚོགས་ཀྱི་འགན་འཛིན་ཏུང་ཧྲི་ཡན་གྱིས་བརྗོད་དོན་ལ། དེ་སྔོན་གསར་འགོད་རང་དབང་གི་ཐད་ཧོང་ཀོང་ནི་འཛམ་གླིང་ཐོག་ཨང་༢༠ ཡན་ལ་སླེབས་ཡོད་མོད། དེང་སང་སྒེར་གཅོད་རྒྱལ་ཁབ་དག་དང་འདྲ་པོ་ཆགས་ཡོད་པ་དེ་ལ་བློ་ཕམ་ཡོད། ད་ལྟ་ཧོང་ཀོང་ནང་གི་གསར་འགོད་ལ་གང་ཅིའི་ཆ་ནས་དམ་དྲག་བྱེད་བཞིན་ཡོད་པར་མ་ཟད། གནས་སྟངས་དེ་ཇེ་སྡུག་ཇེ་ཞན་དུ་འགྲོ་རྒྱུ་ལས་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་རྒྱུ་ཁག་པོ་ཆགས་ཡོད་སྟབས། འཛམ་བུ་གླིང་གིས་ཧོང་ཀོང་གི་གནས་སྟངས་ལ་དོ་སྣང་བྱ་རྒྱུ་དང་ཧོང་ཀོང་གི་གསར་འགོད་རང་དབང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ནི་ཧ་ལས་པ་གལ་ཆེན་པོ་རེད་ཅེས་བརྗོད་འདུག གཞན་ཡང་ཧོང་ཀོང་འཕྲུལ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུང་ཅན་ཧྭ་ཡིས། ད་ལྟ་ཧོང་ཀོང་དེ་ན་ནིང་ལོའི་ཨང་༡༤༨ ནས་ད་ལོར་ཨང་༡༤༠ ལ་སླེབས་ཡོད་ཀྱང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཞེས་པའི་དམ་དྲག་འོག ཧོང་ཀོང་གི་གནས་སྟངས་སྔར་བཞིན་ཛ་དྲག་ཆགས་ཡོད་སྟབས། བང་རིམ་ནང་ནས་ཏོག་ཙམ་ཡར་འགྲོ་ཐུབ་པ་དེ་ལས་དགའ་ཚོར་སྐྱེ་འོས་པའི་དོན་དག་གང་ཡང་མི་འདུག་ཅེས་བརྗོད་འདུག

རྒྱ་ནག་གི་གསར་འགོད་རང་དབང་གི་ཚད་དེ་ལོ་རྒྱུས་ཐོག་དམའ་ཤོས་སུ་སླེབས་འདུག

༢༠༠༢ ལོར་རྒྱ་ནག་གི་གནས་ཚད་དེ་ད་ལོའི་ཧོང་ཀོང་གི་གནས་ཚད་དང་གཅིག་པ་ཡིན་ཞིང་། ཡིན་ན་ཡང་ད་ལོར་རྒྱ་ནག་དེ་ཨང་༡༧༩ ལ་མར་ཟགས་ནས་ལོ་རྒྱུས་ཐོག་ཚད་དམའ་ཤོས་སུ་སླེབས་ཡོད་ཅིང་། རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པའི་ཤར་ཨེ་ཤེ་ཡའི་ལས་དོན་ཚོགས་ཆུང་གི་འགན་འཛིན་ཨེལ་ཝེ་ཨང་གིས་གལ་སྲིད་ལོ་བཅུའི་སྔོན་ལ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བསྡུར་བ་ཡིན་ན་ཆོད་མེད་པ་ཡིན་སྲིད། ཡིན་ན་ཡང་༢༠༢༢ ལོར་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་སྟངས་དེ་བྱང་ཀོ་རི་ཡའི་གཞུང་དང་ཐག་ཉེ་པོ་ཆགས་ཡོད་པ་དང་དེ་ནི་ཞེད་སྣང་སྐྱེ་དགོས་པ་ཞིག་རེད་ཅེས་དང་། ད་ལྟ་གསར་འགོད་པ་དང་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་མཁན་མི་༡༡༤ རྒྱ་ནག་གཞུང་གིས་བཀག་ཉར་བྱས་ཡོད་པ་དང་། དེ་ཚོའི་ནང་ནས་མི་གསུམ་དེ་ཕྱི་རྒྱལ་གྱི་མི་སེར་ཡིན་པ་རེད། དེ་བཞིན་དུ་ཕྱི་རྒྱལ་བའི་གསར་འགོད་པ་ཚོ་ལ་རྒྱ་ནག་གི་ཐོངས་མཆན་སྤྲད་ཀྱི་མེད་པ་དང་། ཤོག་དཀར་ལས་འགུལ་སྐོར་གྱི་གནས་ཚུལ་ཕྱིར་སྤེལ་བྱེད་མཁན་གྱི་གསར་འགོད་པ་ཞིག་ད་དུང་འཛིན་བཟུང་འོག་ཚུད་ཡོད་པ་སོགས་ད་ལྟའི་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ནི་ལོ་རྒྱུས་ཐོག་ཚད་སྡུག་ཤོས་སུ་སླེབས་ཡོད་ཅེས་བརྗོད་འདུག

ཐེ་ཝན་གྱིས་གསར་འགོད་རང་དབང་སྐོར་མུ་མཐུད་ནས་ཤུགས་སྣོན་བརྒྱབ་དགོས།

ན་ནིང་ལོ་དང་བསྡུར་ན་ཐེ་ཝན་ནང་གི་གསར་འགོད་རང་དབང་གི་གནས་སྟངས་ཅུང་ཟད་ཡར་རྒྱས་ཕྱིན་ནས་འཛམ་གླིང་ཐོག་ཨང་༣༥ པར་སླེབས་ཡོད་པ་གསལ་སྟོན་གནང་འདུག་མོད། ཡིན་ན་ཡང་། རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་ཚོགས་པའི་ཤར་ཨེ་ཤེ་ཡའི་ལས་དོན་ཚོགས་ཆུང་གི་འགན་འཛིན་ཨེལ་ཝེ་ཨང་གིས་དེ་ནི་ཐེ་ཝན་གྱི་གནས་སྟངས་རང་ངོས་ནས་འགྱུར་ལྡོག་ཕྱིན་ཡོད་པ་ཞིག་མ་ཡིན་པར་ཐེ་ཝན་དང་གནས་ཚད་འདྲ་མཉམ་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་གཞན་ཚོའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་རྐྱེན་གྱིས་རེད་འདུག། ད་ལྟ་ཁྱབ་ཁོངས་འགའ་ཤས་ཀྱི་ནང་ལ་ཐེ་ཝན་ནི་ཡུ་རོབ་རྒྱལ་ཁབ་ཁག་དང་ཐ་ན་ཨ་མེ་རི་ཁ་ལས་ཀྱང་མཐོ་བ་ཆགས་ཡོད། འོན་ཏེ་ཐེ་ཝན་གྱི་གསར་འགོད་ལ་ཆབ་སྲིད་ཕྱོགས་འགལ་ཅན་གྱི་ཤུགས་རྐྱེན་ཆེ་བས། གསར་འགོད་ལ་ཡང་ཕྱོགས་ཁག་གི་འཐེན་འཁྱེར་དང་དོ་མཉམ་མིན་པ། ཐ་ན་གནས་སྟངས་འཁྱོག་བརྗོད་བྱེད་པའི་གནས་ཚུལ་རེ་འགའ་འབྱུང་བཞིན་ཡོད་སྟབས། ལོ་རྗེས་མའི་ཐེ་ཝན་སྲིད་འཛིན་འོས་བསྡུའི་སྐབས་ལ། གནས་ཚུལ་དེའི་རིགས་ཚབས་ཆེ་རུ་འགྲོ་ཉེན་ཆེ་བ་ཞིག་རེད་ཅེས་བརྗོད་འདུག

རྒྱ་གཞུང་གི་དམ་དྲག་འོག་བོད་ནང་གསར་འགོད་རང་དབང་གཏན་ནས་མེད་པ།

སྤྱི་ཟླ་༣ པའི་ཚེས་༢༨ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདོན་སྤེལ་གནང་བའི་ལོ་འཁོར་སྙན་ཐོ་ལྟར་ན། ༢༠༢༢ ལོར་རྒྱ་ནག་གཞུང་གིས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཞེས་པ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་དྲག་ཚོད་མེད་བྱས་ཏེ་བོད་མི་གཙོས་རྒྱ་ནག་གི་བཙན་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པའི་རྐྱེན་ལས། ལོ་དེ་ནི་ཉེ་བའི་དུས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་དུས་ཚོད་ཅིག་ཡིན་པ་གསལ་འདོན་གནང་འདུག

དེ་བཞིན་དུ་ནམ་རྒྱུན་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་གནང་མཁན་བལ་ཡུལ་གྱི་རྒྱལ་སར་གནས་བཞུགས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ནས་གསུངས་དོན་ལྟར་ན། རྒྱ་ནག་གཞུང་གི་དམ་དྲག་འོག་དེང་སང་བོད་ནང་གི་བོད་མི་ཚོས་འཛམ་གླིང་གི་གནས་སྟངས་ལ་རྒྱུས་ལོན་བྱ་རྒྱུ་ཕར་ཞོག ཐ་ན་སོ་སོའི་ཉེ་འཁྲིས་ཀྱི་བོད་པ་ཚོའི་གནས་སྟངས་སྐོར་ལ་ཆ་རྒྱུས་ལོན་ཐུབ་ཀྱི་མེད་པ་དང་། ཉེ་བའི་ལོ་ཤས་རིང་བོད་ནང་སྤྱི་ཡོངས་ཀྱི་ཆ་ནས་དམ་དྲག་ཆེ་རུ་ཕྱིན་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག དེ་བཞིན་དུ་ཉེ་ཆར་ཝ་ཤིན་ཊོན་ལ་རྟེན་གཞི་བྱས་པའི་རང་དབང་ཁང་པས་༢༠༢༣ ལོའི་སྙན་ཐོ་བཏོན་པའི་ནང་། བོད་དེ་༢༠༢༡ ལོ་དང་༢༠༢༢ ལོ་ནང་བཞིན་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་༡༩༥ དང་ས་ཁུལ་མི་འདྲ་བ་༡༥ བཅས་ཀྱི་ནང་ནས་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་གནས་སྟངས་ཞན་ཤོས་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཐད་ལ་སྟངས་འཛིན་བྱེད་བཞིན་པ་དེ་རྒྱ་ནག་གི་ས་ཆ་གཞན་ཚོ་ལས་ཚབས་ཆེ་བ་ཡིན་པ་དང་། དྲ་རྒྱ་དང་སྤྱི་ཚོགས་དྲ་ལམ་བཀོལ་སྤྱོད་བྱེད་དུས་ཆབ་སྲིད་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་བརྒྱུད་སྤེལ་བྱེད་མཁན་བོད་མི་ཚོ་འཛིན་བཟུང་དང་ཉེས་ཆད་ལྗི་མོ་ཕོག་བཞིན་ཡོད་པ་སོགས་བཀོད་འདུག

XS
SM
MD
LG