ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་ནག་དང་ཎི་ཁ་ར་གྷུ་ཨ་གཉིས་ཀྱི་ཕྱི་འབྲེལ་སླར་གསོ།


༄༅།། རྒྱ་ནག་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཎི་ཁ་ར་གྷུ་ཨ་གཉིས་ཀྱིས་བསྐྱར་དུ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་བཅད། ཐེ་ཝན་དང་རྒྱ་ནག་གི་ཕྱི་འབྲེལ་འཐབ་རྩོད་སླར་ཡང་རྣོ་ངར་གྱི་རྩེར་སོན། དེ་རིང་གཟའ་པ་སངས་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱས་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས་ཟེར། དེ་བཞིན་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་དཔལ་འབྱོར་རོགས་སྤྲོད་དགོས། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་བཅད་ན་རྒྱ་ནག་གིས་རྒྱལ་ཁབ་དེ་ཚོར་མ་རྩ་བཙུགས་ནས་ཚོང་ལས་ཀྱི་གོ་སྐབས་བསྐྲུན་དགོས་ཞེས་ཁས་བླངས། རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་ཚོར་རྒྱ་ནག་གིས་དངུལ་སྒོར་ལྐོག་མ་བརྫངས་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཎི་ཁ་ར་གྷུ་ཨའི་ནོར་སྲིད་བློན་ཆེན་དང་སྲིད་འཛིན་ཨོར་ཏེ་གྷའི་བུ་ཚོ་ཐེན་ཅིན་གྲོང་ཁྱེར་དུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་གྲོས་འཆམ་བྱུང་སོང་། ཎི་ཁ་ར་གྷུ་ཨའི་གཞུང་གིས་གདམ་ཀ་ཡང་དག་པོ་ཞིག་བྱས་པ་རེད། ད་ལྟ་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༤་ལས་མེད་ཅིང་། ཨ་མི་རི་ཀའི་གནོན་ཤུགས་འོག་ཏུ་རྒྱལ་ཁབ་ཁག་ཅིག་གིས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་ཕོད་ཀྱི་མེད་པ་དང་ཐེ་ཝན་གྱིས་དངུལ་སྒོར་འགྲོ་གྲོན་བཏང་ནས་ཕྱི་འབྲེལ་རྒྱ་སྐྱེད་གཏོང་ཐུབ་རྒྱུ་ཁག་པོ་རེད་ཅེས་ཕྱི་སྲིད་བློན་ཆེན་ཝང་དབྱིས་གཏམ་བཤད་བྱས་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཎི་ཁ་ར་གྷུ་ཨའི་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུའི་ཐག་གཅོད་བྱས་པ་ནི་རྒྱལ་ཁབ་དེའི་མི་དམངས་ཀྱི་མངོན་འདོད་མཚོན་པ་ཞིག་མིན། ཅིའི་ཕྱིར་ཞེ་ན་ཎི་ཁ་ར་གྷུ་ཨའི་སྲིད་གཞུང་དེ་ཉིད་དམངས་གཙོའི་ལམ་ནས་རང་དབང་གིས་འོས་འདེམས་བྱུང་བ་ཞིག་མ་རེད། ཎི་ཁ་ར་གྷུ་ཨའི་མི་དམངས་ལ་དམངས་གཙོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་གྲོགས་ཡག་པོ་ཞིག་མེད་པར་གྱུར་པ་རེད། ང་ཚོས་རྒྱལ་ཁབ་ཚང་མས་དམངས་གཙོའི་ལམ་སྲོལ་དང་གཞུང་འཛིན་ལམ་ལུགས། ཕྱི་གསལ་ནང་གསལ་དང་ཁྲིམས་ཀྱིས་དབང་སྒྱུར་ལམ་ལུགས་བཅས་ལ་རིན་ཐང་བརྩི་དགོས་པ་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དོན་དུ་ཐེ་ཝན་ལ་འབྲེལ་བ་རྒྱ་སྐྱེད་གཏོང་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་བསྐོངས། ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀ་དང་ཎི་ཁ་ར་གྷུ་ཨ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ཨ་རིའི་གཞུང་གིས་ཎི་ཁ་ར་གྷུ་ཨའི་སྲིད་འཛིན་ཨོར་ཏེ་གྷའི་རྒྱལ་སྲུང་སློབ་སྟོན་པར་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། རྒྱལ་སྲུང་སློབ་སྟོན་པ་མོན་ཁ་དྷ་ལོས་ཁྲིམས་འགལ་གྱི་ཕྱིར་ཚོང་དང་ནང་འདྲེན་གྱི་འགག་སྒོ་ཞིག་བཙུགས་ཏེ་སྲིད་འཛིན་ཨོར་ཏེ་གྷའི་གཞུང་གི་མཐོ་རིམ་འགོ་ཁྲིད་ཚོ་ཕྱུག་པོར་འགྱུར་བའི་ཚོང་ལས་གཉེར་གྱི་ཡོད་པའི་ནག་ཉེས་བཙུགས། ༢༠༡༩་ལོར་ཐེ་ཝན་གྱིས་ཎི་ཁ་ར་གྷུ་ཨའི་གཞུང་ལ་ཨ་སྒོར་དུང་ཕྱུར་གཅིག་གི་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་ཤིང་། དེ་རིང་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དཔལ་འབྱོར་སླར་གསོའི་རོགས་དངུལ་དེ་རྣམས་དངུལ་ཁང་སོགས་ཀྱི་བརྒྱུད་རིམ་ཁག་ལ་འགོག་རྐྱེན་ཕྲད་ནས་ཎི་ཁ་ར་གྷུ་ཨའི་གཞུང་ལ་འཕྲོད་ཐུབ་མེད་ཅེས་བཀྲལ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་འབྲེལ་ཡོད་ལས་སྣེ་ཚོར་ཎི་ཁ་ར་གྷུ་ཨའི་གཞུང་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་དམ་ཞེས་དྲིས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱས་པ་ནི་ཆབ་སྲིད་ཀྱི་ཐག་གཅོད་ཅིག་རེད། དེ་ལ་དངུལ་སྒོར་སྤྲད་ནས་རིན་གོང་གཏམ་རྒྱུ་ཡོད་པ་ཞིག་མ་རེད་ཅེས་ལན་བཏབ། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཎི་ཁ་ར་གྷུ་ཨའི་གཞུང་གིས་ཕྱི་འབྲེལ་བཅད་པ་ནི་བློ་ཕམ་དང་ཐབས་རྡུགས་ཤིག་ཡིན་མོད། འོན་ཀྱང་ཐེ་ཝན་མི་དམངས་ས་ཡ་༢༣་གྱིས་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན། ང་ཚོས་དམངས་གཙོའི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་རང་དབང་གི་འཛམ་གླིང་འདིར་མདུན་སྐྱོད་བྱ་རྒྱུ་ཡིན། ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་ཅི་ཙམ་གྲུབ་འབྲས་ཐོན་ན་རྒྱལ་སྤྱིའི་ཐོག་ཏུ་དེ་ཙམ་གྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་བཞིན་སྲིད་དབང་སྒེར་གཅོད་ཀྱི་ཕྱོགས་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུའང་ཤུགས་ཇེ་ཆེ་རེད་ཅེས་བཤད། ༡༩༨༥་ལོར་ཎི་ཁ་ར་གྷུ་ཨའི་སྲིད་འཛིན་ཨོར་ཏེ་གྷས་ཐེ་ཝན་ལ་ཕྱི་འབྲེལ་ཐེངས་དང་པོ་བཅད་ཀྱང་༡༩༩༠་ཐམ་པའི་ལོར་ཎི་ཁ་ར་གྷུ་ཨའི་སྲིད་འཛིན་ཆ་མོ་རོའི་སྲིད་གཞུང་གིས་བསྐྱར་དུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས། ཐེ་ཝན་དུ་བཅའ་སྡོད་ཕྱི་འབྲེལ་མི་སྣ་ཞིག་གིས་ཨ་མི་རི་ཀ་དང་སྲིད་འཛིན་ཨོར་ཏེ་གྷའི་གཞུང་གི་འབྲེལ་བ་ཡག་པོ་མི་འདུག ཨ་རིའི་གཞུང་གིས་ཎི་ཁ་ར་གྷུ་ཨར་དཔལ་འབྱོར་རོགས་རམ་བཅད་པ་རེད། དེ་ནས་ཎི་གྷ་ར་གྷུ་ཨའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་དང་རྒྱ་ནག་གིས་ཎི་ཁ་ར་གྷུ་ཨའི་གཞུང་ལ་དཔལ་འབྱོར་རོགས་རམ། སྲིད་འཛིན་ཨོ་ཏེ་གྷར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཎི་ཁ་ར་གྷུ་ཨའི་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་སླར་གསོ་བྱ་རྒྱུ་ཆོས་རེད། སྲིད་འཛིན་ཨོ་ཏེ་གྷ་ཨ་མི་རི་ཀར་ཡི་ཐང་ཆད་ནས་ཐེ་ཝན་ལ་ཕྱི་འབྲེལ་བཅད་པ་འདྲ་ཞེས་བཤད།།

ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧུན་དྷུ་ར་སིའི་སྲིད་གཞུང་གསར་པས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་རྒྱུ་ཡིན་མིན་ལ་བལྟ་དགོས། ཧུན་དྷུ་ར་སིའི་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཁེ་སི་ཊི་རོས་འོས་འདེམས་སྔོན་དེར་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་འོས་འདེམས་ཀྱི་དྲིལ་བསྒྲགས་རྩ་འཛིན་ཡིག་ཆའི་ནང་དུ་བཀོད། ཕྱི་ཟླ་༡༡་པའི་ཟླ་མཇུག་གི་འོས་འདེམས་སྐབས་སུ་ཧུན་དྷུ་ར་སིའི་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཁེ་སི་ཊེ་རོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཨ་རིའི་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་ཁེ་སི་ཊེ་རོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་སོགས་ཀྱིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུའི་སྐད་ཆ་དེ་ཚོ་ཕྱིར་བསྡུ་བྱས་མོད། འོན་ཀྱང་ཐེ་ཝན་དུ་བཅའ་སྡོད་ཕྱི་འབྲེལ་མི་སྣ་ཚོས་ཧུན་དྷུ་ར་སིའི་སྲིད་གཞུང་གསར་པས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུ་མིན་པའི་མཇུག་སྡོམ་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན། ༢༠༡༩་ལོར་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས། ཉེ་ཆར་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་ཀྱི་མི་དམངས་སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་གཞུང་གི་ལས་ཁུངས་ཁག་ཅིག་མེར་བསྲེགས། རྒྱ་ནག་གིས་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོར་ཨ་སྒོར་དུང་ཕྱུར་གཅིག་ལྷག་ལྐོག་མ་བརྫངས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན། སོ་ལོ་མོན་གྱི་མི་འབོར་ཆེ་མང་ཤོས་ཀྱི་ཞིང་ཆེན་དེའི་འགོ་ཁྲིད་ཅིག་གིས་ང་ལའང་རྒྱ་ནག་གཞུང་གིས་དངུལ་སྒོར་རོགས་རམ་སྤྲོད་དགོས། ཁྱོད་ཚོའི་ཞིང་ཆེན་གཞུང་གིས་ཐེ་ཝན་ལ་འབྲེལ་བ་བཙུགས་ཡོད་པ་གཅོད་དགོས་ཟེར་གྱི་འདུག ངས་རྒྱ་ནག་གི་དངུལ་སྒོར་བླངས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དགོས་པའི་ཆ་རྐྱེན་དེར་མོས་མཐུན་བྱས་མེད་ཅེས་ཐེར་འདོན་བྱས་འདུག

རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་པེ་ཅིང་གི་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད་པར་མ་ཟད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཐེ་ཝན་མི་དམངས་ཀྱི་དཔའ་སྟོབས་ཞུམ་དུ་འཇུག་པའི་དྲིལ་བསྒྲགས་ཀྱི་འཐབ་རྩོད་ཤུགས་ཆེ་རུ་བཏང་འདུག ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མི་དམངས་བཅིངས་འགྲོལ་དམག་གིས་གཏོར་རྒོལ་ཐེངས་གཅིག་ལ་ཐེ་ཝན་གྱི་དམག་གིས་སྣ་མི་རྟེན། ཨ་མི་རི་ཀ་དང་ཉི་ཧོང་སོགས་ཀྱིས་ཐེ་ཝན་སྐྱོབ་ཀྱི་མ་རེད། མི་དམངས་བཅིངས་འགྲོལ་དམག་གིས་སྐམ་མཚོ་གནམ་གསུམ་ནས་ཐེ་ཝན་ལ་དཔུང་འཇུག་བྱེད་མ་ཐག་ཏུ་མཚོ་གླིང་དེར་དབང་སྒྱུར་བྱེད་ཐུབ་ཅེས་དྲིལ་བསྒྲགས་བྱས་ནས་དཔའ་འཇོམས་གྱི་ཁ་དམག་བརྒྱབ། ཉེ་ཆར་གོ་མིན་ཏང་གི་སྲིད་དོན་པ་དང་ཐེ་ཝན་གྱི་རྒྱལ་སྲུང་སློབ་སྟོན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སུ་ཊིས་རྒྱ་ནག་གིས་དཔུང་འཇུག་བྱེད་པའི་དུས་སུ་ཉུང་མཐར་ཡང་དམག་དཔུང་༢༨༠༠༠་ལྷག་གིས་གཏོར་རྒོལ་བྱེད་ངེས་རེད། ཐེ་ཝན་གྱི་དམག་གིས་དེ་ལ་ཁ་གཏད་ཁྱོག་གི་མ་རེད། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་སྟེ་རྟ་བརྒྱུགས། རྡུལ་ཡལ་བའི་རྗེས་སུ་མ་གཏོགས་ཨ་མི་རི་ཀའི་དམག་དཔུང་འབྱོར་ཐུབ་ཀྱི་མ་རེད་ཅེས་གཏམ་བཤད་བྱས་པ་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ལུང་འདྲེན་བྱས་ནས་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་མགོ་བརྩམས། ད་དུང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཉེ་དུས་ཤིག་ནས་ཐེ་ཝན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་མེ་མདའི་རྩེ་གྲི་འཛུགས་སྟངས་ཀྱི་དམག་སྦྱོང་སྤྲོད་ཀྱི་འདུག དེ་ནི་ཐེ་ཝན་གཞུང་གིས་ཨ་མི་རི་ཀ་དང་ཉི་ཧོང་གིས་རྒྱབ་སྐྱོར་བྱ་རྒྱུ་མིན་པ་ངོས་ཟིན་པའི་རྟགས་མཚན་རེད། ཐེ་ཝན་གཞུང་གིས་རང་ཉིད་ཕུང་ལ་མ་སྦྱར་གོང་དུ་རྒྱ་ནག་ལ་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG