ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཕྱི་རྒྱལ་བའི་ཆོས་དད་ལ་དམ་དྲག་གི་ཁྲིམས་བཟོ་འཆར། 


༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་མི་མང་གི་ཆོས་དད་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པ་ལྟར་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཀག་སྡོམ་བྱེད་ཀྱི་ཡོད་ཅེས་རྒྱ་ནག་ཏུ་གནས་འཁོད་ཕྱི་རྒྱལ་བའི་ཆོས་ལུགས་དད་མོས་ཀྱི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་འཆར་ཡོད་ཅིང་། གཟའ་འཁོར་འདིར་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གིས་ཕྱི་རྒྱལ་བ་ཚོས་རྒྱ་ནག་གི་ས་ཐོག་ཏུ་ཆོས་ལུགས་དད་མོས་བྱེད་ཕྱོགས་དང་ཆོས་ལུགས་ཁྱབ་སྤེལ་བྱེད་ཕྱོགས་ཀྱི་སྒྲིག་ཁྲིམས་གསར་པའི་ཟིན་བྲིས་ཤིག་བཀྲམ་འདུག རྒྱ་གཞུང་གི་ཆོས་ཁྲིམས་གསར་པའི་ཟིན་བྲིས་དེར་རྒྱ་ནག་ལ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཁྱབ་སྤེལ་གཏོང་རྒྱུ་འགོག་ཐབས་དང་ཆོས་ལུགས་བརྒྱུད་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཕྱི་རྒྱལ་བ་ཚོར་ཆོས་ལུགས་དད་མོས་ཀྱི་སྒྲིག་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་དགོས་ཀྱི་འདུག་ཅེས་བཀོད། ད་ལྟ་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གིས་ཆོས་ཁྲིམས་གསར་པའི་ཟིན་བྲིས་དེ་མང་ཚོགས་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱེད་ཀྱི་ཡོད་ཅེས་བཤད་ཀྱང་མང་ཚོགས་ཀྱི་བསམ་འཆར་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་བའི་ཆོས་ཁྲིམས་གསར་པའི་ཟིན་བྲིས་ཀྱི་འབྲུ་དོན་ཁག་ལ་འགྱུར་བ་གཏོང་རྒྱུ་ཁག་པོ་ཡིན་ཞིང་། ཆོས་ཁྲིམས་གསར་པའི་ཟིན་བྲིས་དེས་ཞིས་ཅིན་ཕིང་གིས་ཆོས་ལུགས་དད་མོས་ལ་སྔར་ལས་ལྷག་པའི་དམ་དྲག་བྱ་རྒྱུ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དེར་ཤུགས་སྣོན་རྒྱག་གི་ཡོད་པ་མཚོན་ཐུབ།།

རྒྱ་ནག་ཏུ་གནས་འཁོད་ཕྱི་རྒྱལ་བའི་ཆོས་ཁྲིམས་གསར་པའི་དོན་ཚན་༢༡་པ་དེར་ཕྱི་རྒྱལ་བ་ཚོས་རྒྱ་ནག་གི་ཆོས་སྡེ་ཁག་ལ་ཐེ་གཏོགས་བྱེད་མི་ཆོག རྒྱ་ནག་གི་ཆོས་སྡེ་ཁག་གི་བླ་མ་དང་མཁན་པོ། སློབ་དཔོན་དང་ཆོས་སྟོན་པ་སོགས་བསྐོ་བཞག་བྱེད་ཕྱོགས་ལ་ཕྱི་རྒྱལ་བ་ཚོས་ཐེ་གཏོགས་བྱེད་མི་ཆོག ཕྱི་རྒྱལ་བ་ཚོས་ཆོས་ལུགས་བརྒྱུད་ནས་རྒྱ་ནག་གི་ས་ཐོག་ཏུ་མཐའ་ལྷུང་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་བྱེད་མི་ཆོག ཁྲིམས་འགལ་གྱི་ཆོས་སྡེ་ཁག་ལ་རྒྱབ་སྐྱོར་དང་འགྲོ་གྲོན་སྤྲོད་མི་ཆོག ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱ་ནག་གི་མཐུན་སྒྲིལ་དང་མི་རིགས་མཐུན་ལ་གཏོར་བརླག་བྱེད་མི་ཆོག ཆོས་ལུགས་བརྒྱུད་ནས་རྒྱ་ནག་གི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་མི་ཆོག་ཅེས་བཀོད་འདུག རྒྱ་ནག་གི་ལོ་ལྔའི་འཆར་གཞིའི་ཁོངས་སུའང་ཆོས་ལུགས་ཁག་གིས་སྤྱི་ཚོགས་ཡར་རྒྱས་ལ་ལེགས་སྐྱེས་འབུལ་དགོས་ཞེས་རྩ་ཚིག་ཅིག་བཀོད། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ལུགས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བར་ཐེ་གཏོགས་བྱེད་མི་ཆོག་པ་དང་ཆོས་ལུགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་དགོས། ཕྱི་རྒྱལ་གྱི་སྟོབས་ཤུགས་ནང་ལ་ཁྱབ་ཀྱི་ཡོད་པར་འགོག་རྒོལ་བྱ་དགོས་ཞེས་འཁོད། རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གི་ཆོས་ཁྲིམས་ཟིན་བྲིས་དེར་ཕྱི་རྒྱལ་བ་ཚོའི་ཆོས་དད་རང་དབང་ལ་བརྩི་འཇོག་བྱ་རྒྱུ་ཁག་ཐེག་ཡིན་ཞེས་བཀོད་ཀྱང་ཕྱི་རྒྱལ་བའི་ཆོས་དད་རང་དབང་ལ་རྡོག་བརྫིས་གཏོང་རྒྱུ་ཉག་ཅིག་ཡིན་ཞིང་། ཕྱི་རྒྱལ་བའི་ཆོས་ལུགས་བྱེད་སྒོ་ཡོད་དོ་ཅོག་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་དང་ངན་སྐུལ། མཐའ་ལྷུང་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཞེས་ཉེས་མིང་བཏགས་ནས་འགོག་ཆོག་པ་ཞིག་ཏུ་འགྱུར་འདུག

ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་ཁྲིད་ཟུར་པ་ཀྲུའུ་ཝེ་ཆུན་གྱིས་རྒྱ་ནག་གི་ཁྲིམས་འཛིན་ལྷན་ཁང་གིས་ཟིན་བྲིས་བཏབ་པའི་ཕྱི་རྒྱལ་བའི་ཆོས་ལུགས་དད་མོས་ཀྱི་སྒྲིག་ཁྲིམས་གསར་པ་དེས་ཆོས་ལུགས་ཀྱི་རྣམ་པར་བརྫུས་ནས་འཇིགས་སྐུལ་རིང་ལུགས་པ་རྣམས་རྒྱ་ནག་ལ་སིམ་འཛུམ་བྱས་ནས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་འགོག་ཐུབ་པའི་དགེ་མཚན་ཆེ་ཞེས་བསྔགས་བརྗོད་བྱས་འདུག པེ་ཅིང་གི་ཆོས་ལུགས་ལས་དོན་ཉམས་ཞིབ་པ་ཞིག་གིས་ཀྱང་ཆོས་ཁྲིམས་གསར་པའི་ཟིན་བྲིས་དེ་ཞིབ་ཕྲ་དང་དོན་ཚན་སྣ་མང་ཞིག་འདུས། ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་པ་ཚོས་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་མེད་པར་གཏོང་གི་འདུག ཧྥ་རན་སི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་ལ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་ཚོས་འཇིགས་སྐུལ་རིང་ལུགས་ཀྱི་གཏོང་རྒོལ་བྱས་ནས་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག ཁ་ཆེ་ན་གཞོན་ཞིག་གིས་ཧྥ་རན་སིའི་སློབ་འབྲིང་གི་ལོ་རྒྱུས་དགེ་རྒན་སེ་མུལ་པེ་ཊི་ཞེས་པ་ཞིག་གི་སྐེ་བཅད་ནས་བསད་པ་རེད། ཕྱི་རྒྱལ་བ་ཚོས་ཆོས་ལུགས་ཁ་ལ་འཁྱེར་ནས་རྒྱ་ནག་ལ་སིམ་འཛུལ་བྱེད་ཀྱི་ཡོད་པ་དང་ཆོས་ལུགས་དད་མོས་ལ་རང་དབང་སྤྲོད་དགོས་ཟེར་གྱི་ཡོད་པར་དོགས་ཟོན་ནན་པོ་བྱ་དགོས་ཞེས་བཤད། ཀྲུའུ་ཝེ་ཆུན་གྱིས་རྒྱལ་ཁབ་གཞན་པ་མང་དག་ཅིག་ལ་ཆོས་ཁྲིམས་འདུག རྒྱ་ནག་གིས་ཆོས་ཁྲིམས་གསར་པས་ཆོས་ལུགས་དད་མོས་ལ་སྲུང་སྐྱོབ་བྱེད་ཐུབ། ནུབ་ཕྱོགས་པ་ཚོས་རྒྱ་ནག་གིས་ཆོས་ལུགས་དད་མོས་ལ་སྟངས་འཛིན་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་དྲང་བདེན་ཞིག་མ་རེད། ཆོས་ལུགས་ཁ་ལ་འཁྱེར་ནས་ཀུན་སློང་ངན་པ་བཅངས་ཡོད་པ་རྣམས་འགོག་ཐུབ་ན་རྒྱ་ནག་ལ་ཆོས་དད་རང་དབང་དང་ཆོས་ལུགས་འཆམ་མཐུན་ཡོང་གི་རེད་ཅེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་ལ་དགག་པ་བརྒྱབ་འདུག

རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ནང་སོག་བཅས་ལ་དྲག་གནོན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དེར་ཞིས་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་བྱེད་ཀྱི་ཡོད་ཅིང་། དཔེར་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་ཡེ་ཤུའི་ཆོས་སྡེ་ཁག་གི་སྟེང་དུ་རྒྱ་ནག་གི་རྒྱལ་དར་དམར་པོ་བཙུགས་པ། བོད་པའི་བོད་སྡེ་ཁག་ཏུ་རྒྱ་གཞུང་གི་ཉེན་རྟོག་ལས་ཁུངས་ཚུགས་ནས་དམ་དྲག་བྱེད་ཀྱི་ཡོད་པ་སོགས་ལ་ཞིས་ཅིན་ཕིང་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་ཆོས་ལུགས་ལ་ཡིད་ཆེས་མེད་ཀྱང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ནང་ཆོས་དང་ཏའོ་ཆོས། ཁ་ཆེའི་ཆོས་ལུགས་དང་ཡེ་ཤུའི་གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་གསར་པ་བཅས་ཀྱི་ཆོས་ལུགས་ཁག་ལྔ་ལ་གཞུང་འབྲེལ་གྱིས་བཀོད་འདོམས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཆོག་མཆན་མེད་པར་དགོན་པ་དང་ལྷ་ཁང་གསར་བཞེང་། ཡེ་ཤུའི་ཆོས་ཚོགས་ཁག་གསར་འཛུགས་བྱེད་ཆོག་གི་མེད་པ། ཆོས་ལུགས་གྲུབ་མཐའ་ཁག་ཅིག་རྒྱ་ནག་གིས་ཁས་ལེན་བྱེད་ཀྱི་མེད་པ་དང་གཞུང་གི་ཆོག་མཆན་མེད་པར་བཞེངས་པའི་དགོན་པ་དང་ལྷ་ཁང་། ཆོས་ཚོགས་བཙུགས་པ་རྣམས་ཁྲིམས་འགལ་དུ་བརྩིས་ནས་གཏོར་བཤིག་གཏོང་གི་ཡོད་པ་རེད།།

རྒྱ་ནག་གི་ཆོས་སྡེ་ཁག་གི་འགོ་ཁྲིད་ཚོ་བསྐོ་བཞག་བྱེད་ཕྱོགས་ལ་ཕྱི་རྒྱལ་བ་ཚོས་ཐེ་གཏོགས་བྱེད་མི་ཆོག་ཅེས་དོན་ཚན་ཞིག་བཀོད་ཡོད་པ་ནི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་ལ་དམིགས་པ་ཞིག་ཡིན་སྲིད། བླ་ཆེན་མཆོག་ལ་འཛམ་གླིང་ཡུལ་གྲུ་ཀུན་གྱི་ཡེ་ཤུའི་ཆོས་སྡེ་ཁག་གི་མཁན་པོ་དང་ཆོས་རྗེ་རྣམས་བསྐོ་བཞག་བྱེད་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་ཡོད་ཀྱང་རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་བྱེད་ཀྱི་མེད་པས་༢༠༡༨་ལོར་རྒྱ་ནག་གཞུང་དང་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་བཞག རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དཔོན་དང་མཁན་པོ་སོགས་ཀྱི་ཐོ་གཞུང་ཞིག་འབུལ་རྒྱུ་དང་བླ་ཆེན་ཕོབ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཕུལ་བའི་ཐོ་གཞུང་དེ་ནས་ཡེ་ཤུའི་ཆོས་དཔོན་དང་མཁན་པོ་རྣམས་བསྐོ་བཞག་བྱ་རྒྱུ། གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་གི་ཆོག་མཆན་མེད་པ་བཙུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་མིང་རྟགས་བཀོད། དབྱིན་ཇིའི་ནོ་ཊི་ཧམ་སློབ་གྲྭ་ཆེན་མོའི་ཁ་ཆེའི་ཆོས་ལུགས་ཉམས་ཞིབ་པ་རི་ཡན་ཐུམ་ཞེས་པ་ཞིག་གིས་བཤད་པ་ལྟར་ན། རྒྱ་ནག་གི་ཕྱི་རྒྱལ་བའི་ཆོས་ཁྲིམས་དེས་པེ་ཅིང་གི་དབང་འཛིན་པ་རྣམས་ཕྱི་ལོགས་ཀྱི་ཆོས་ལུགས་ཤུགས་རྐྱེན་ལ་སྐྲག་གི་ཡོད་པ་གསར་པོར་མཚོན། རྒྱ་ནག་གི་ཆོས་ལུགས་རང་བཙན་དང་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཞེས་རྗོད་ཚིག་མང་དག་ཅིག་བཀོད་ཡོད་པ་རྣམས་ནི་ཧང་སང་དགོས་པ་ཞིག་རེད། ཕྱི་རྒྱལ་བའི་ཆོས་ཁྲིམས་འདི་ལག་ལེན་བསྟར་པའི་རྗེས་སུ་རྒྱ་ནག་གཞུང་གིས་རང་གི་མི་དམངས་རྣམས་ཕྱི་རྒྱལ་བ་ཚོར་འབྲེལ་བ་བྱ་ས་མེད་པ་ཞིག་ཏུ་བསྒྱུར་རྒྱུ་རེད་ཅེས་བཤད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཉམས་ཞིབ་པ་ཨལ་ཁན་ཞེས་པ་ཞིག་གིས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་སོགས་ལ་ཁ་ཆེའི་ཆོས་ལུགས་ཀྱི་ཉམས་ལེན་རྣམས་རྒྱ་ནག་གི་སྲོལ་རྒྱུན་ཉམས་ལེན་ལྟ་བུ་ཞིག་ལ་བསྒྱུར་དུ་འཇུག་གི་འདུག འདི་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཉམས་ལེན་གཙང་མ་ཞིག་གཏན་ནས་མ་རེད། ཕྱི་རྒྱལ་ལ་འབྲེལ་བ་ཡོད་པའི་ཁ་ཆེ་ཚོར་རྒྱ་ནག་གཞུང་གིས་རྟག་ཏུ་འདྲི་གཅོད་བྱེད་ཀྱི་ཡོད་པ་དང་སོ་ཌི་ཨ་རེ་བྷི་ཡར་གནས་སྐོར་དུ་ཕྱིན་པའི་ཞིན་ཅང་གི་ཡུ་གུར་བ་རྣམས་ངལ་རྩོལ་སྒྱུར་བཀོད་ཁང་དུ་འཁྲིད་ཀྱི་འདུག་ཅེས་བཤད། ཉམས་ཞིབ་པ་ཕལ་མོ་ཆེས་རྒྱ་ནག་གི་ཆོས་ཁྲིམས་དང་བཅའ་ཁྲིམས་ཅི་ཞིག་ཡིན་རུང་བདེ་འཇགས་ལ་ཁ་གཡར་ནས་ལག་བསྟར་ལོག་པ་བྱེད་ཀྱི་འདུག་ཅེས་རྒྱ་ནག་གི་ཕྱི་རྒྱལ་བའི་ཆོས་ཁྲིམས་གསར་པའི་ཉེན་ཁ་གླེང་འདུག

XS
SM
MD
LG