ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ལ་ངོ་རྒོལ། 


༄༅།། ཉེ་ཆར་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ཆལ་སི་མཱེ་ཁལ་དང་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡན་གཉིས་ཏུར་ཀི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་མི་གཅིག་ལ་མ་གཏོགས་རྐུབ་བཀྱག་བཀོད་སྒྲིག་མ་བྱས། འདི་ནི་ཏུར་ཀིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ལ་ཁྱད་གསོད་བྱས་པ་འཛམ་གླིང་ཡོངས་ལ་གསལ་པོར་ར་འཕྲོད། ཡིན་ནའང་དེ་ལས་ཐབས་རྡུགས་པ་ཞིག་ནི་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ཆལ་སི་མཱེ་ཁལ་སྲིད་འཛིན་ཨེར་དྷོ་གྷན་གྱི་མཉམ་དུ་རྐུབ་བཀྱག་ཐོག་ཏུ་བསྡད། ཁོང་གིས་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་འཁྲིས་དེར་སྐར་ཆ་འགའ་ཞིག་ལ་བསླངས་ཏེ་བཞག མཐར་ཨུར་སུ་ལ་ཟུར་གྱི་འབོལ་གདན་རྐུབ་བཀྱག་ཐོག་ཏུ་འདུག་དགོས་བྱུང་བའི་བརྙན་འཕྲིན་དེ་འཛམ་གླིང་ཡོངས་ལ་ཁྱབ། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་གི་བུད་མེད་ཀྱི་ཚོགས་པ་ཁག་གིས་མང་ཚོགས་ལ་མཚན་རྟགས་བསྡུ་རུབ་བྱས་ནས་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ཆལ་སི་མཱེ་ཁལ་རང་གི་ལས་གནས་ནས་རྩ་དགོངས་ཞུ་དགོས། ཁོང་གིས་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཟུར་དུ་བཞག་སྟེ་སྲིད་འཛིན་ཨེར་དྷོ་གྷན་གྱི་འཁྲིས་སུ་རྐུབ་བཀྱག་ཐོག་ཏུ་བསྡད་པ་ནི་བུད་མེད་ལ་མཐོང་ཆུང་བྱས་པ་རེད་ཅེས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་འགོ་ཚུགས་འདུག

ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ཆལ་སི་མཱེ་ཁལ་དང་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡན་གཉིས་ཏུར་ཀི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས།
ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ཆལ་སི་མཱེ་ཁལ་དང་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡན་གཉིས་ཏུར་ཀི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས།

ཡུ་རོབ་མཉམ་འབྲེལ་གྱི་བུད་མེད་ཐོབ་ཐང་ཚོགས་པས་ཆལ་སི་མཱེ་ཁལ་ལ་རྒོལ་ཡིག་ཅིག་བཀྲམ་ཡོད་པ་དེའི་ནང་དུ་རྐུབ་བཀྱག་བཀོད་སྒྲིག་བྱེད་སྟངས་དང་རྐུབ་བཀྱག་གཅིག་ལས་མེད་པ་དེའི་ཐོག་ཏུ་མཱེ་ཁལ་བསྡད་པ་ནི་བུད་མེད་ལ་མཐོང་ཆུང་བྱས་པ་གཅིག་པུ་མ་རེད། དེ་ནི་དམངས་གཙོའི་ལམ་ལུགས་ལ་མཐོང་ཆུང་བྱས་པ་ཞིག་རེད། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་ལ་ཐུག་འཕྲད་པའི་སྐབས་སུ་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་མཱེ་ཁལ་ལ་ནོར་འཁྲུལ་ཚབས་ཆེ་གསུམ་བྱུང་ཡོད་པ་སྟེ། ཁོ་པས་ཡུ་རོབ་མཉམ་འབྲེལ་གྱི་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ལངས་བཅུག་ནས་བཞག་སོང་། ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་དང་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་གཉིས་གོ་གནས་འདྲ་མཉམ་ཡིན། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་མི་གསུམ་ལ་རྐུབ་བཀྱག་གཉིས་ལས་བསྒྲིགས་མེད་པའི་གཡོ་འོག་ཏུ་མཱེ་ཁལ་ཚུད་སོང་། མཱེ་ཁལ་ཁྱོད་ཧམ་རྒྱུག་བྱས་ཏེ་སྲིད་འཛིན་ཨེར་དྷོ་གྷན་གྱི་འཁྲིས་སུ་རྫིག་ཉམས་བསྟན་ནས་བསྡད་པ་དང་ཨུར་སུ་ལ་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་དུ་བཅུག་པ་རེད། དངོས་འབྲེལ་ཡིན་ན་མཱེ་ཁལ་གྱིས་རྐུབ་བཀྱག་གཅིག་པུ་དེའི་ཐོག་ཏུ་ཨུར་སུ་ལ་འདུག་ཏུ་འཇུག་དགོས། ཡིན་ནའང་ཁྱོད་ཀྱིས་སྐད་ཆ་ཚིག་གཅིག་མ་བཤད་པར་བསྡད་པ་རེད། ཁྱོད་ཏུར་ཀིའི་སྲིད་དབང་སྒེར་གཅོད་པའི་གཡོ་འོག་ཏུ་ཚུད་པར་ཨེར་དྷོ་གྷན་གྱིས་ལྟད་མོར་བལྟས་ནས་ཁོང་དགོད་བྱས་པ་རེད། ཁྱོད་ཀྱིས་བསམ་བློ་མ་བཏང་བར་ཏུར་ཀིའི་སྲིད་འཛིན་ལ་ཡུ་རོབ་མཉམ་འབྲེལ་གྱི་བུད་མེད་འགོ་ཁྲིད་དེར་མཐོང་ཆུང་བྱེད་དུ་བཅུག་སོང་། ཨུར་སུ་ལས་གནས་ཚུལ་དེ་ཛ་དྲག་ཆེ་རུ་མི་གཏོང་བའི་ཆེད་དུ་ཁོང་ཁྲོ་ལངས་ཀྱང་ཟུར་དེར་འབོལ་གདན་རྐུབ་བཀྱག་ཐོག་ཏུ་བསྡད་པ་རེད་ཅེས་སྐྱོན་བཙུགས།།

ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡན
ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ཨུར་སུ་ལ་ཝྭོན་ཌེར་ལེ་ཡན

ཆལ་སི་མཱེ་ཁལ་གྱི་ནོར་འཁྲུལ་གཉིས་པ་ནི་ཀླད་སྟོང་གི་རྣམ་འགྱུར་དེ་རེད། ཁྱོད་ཀྱིས་ཨེར་དྷོ་གྷན་གྱི་མིག་མདུན་དུ་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ནང་ཁུལ་དུ་འགལ་ཟླ་ཡོད་པའི་ལྟ་སྟངས་ངན་པ་ཞིག་བྱུང་དུ་བཅུག་སོང་། ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ལ་རྣམ་དཔྱོད་མེད་པ་ཡུ་རོབ་མཉམ་འབྲེལ་གྱི་མི་དམངས་ཡོངས་ལ་བསྟན་པ་རེད། མཱེ་ཁལ་གྱིས་རང་གི་ནོར་འཁྲུལ་ལ་ངོས་ལེན་བྱ་རྒྱུ་ཚབ་ཏུ་མ་འོངས་པར་རྐུབ་བཀྱག་བཀོད་སྒྲིག་བྱེད་ཕྱོགས་ལ་གཟབ་ནན་བྱེད་ཆོག་ཅེས་བཤད་པ་རེད། གལ་སྲིད་ད་དུང་ཡང་ཕོ་མོ་དབྱེ་འབྱེད་བྱེད་ཀྱི་ཡོད་ན་དབྱེ་འབྱེད་ལ་ངོ་རྒོལ་མ་བྱས་པར་ཁ་བཙུམས་ནས་བསྡད་པ་སོགས་ཀྱིས་འབྱུང་གི་ཡོད་པ་རེད། མཱེ་ཁལ་གྱི་ནོར་འཁྲུལ་གསུམ་པ་ནི་ཕྱི་ཟླ་༣་པར་ཏུར་ཀི་ཡུ་རོབ་མཉམ་འབྲེལ་གྱི་བུད་མེད་ལ་འཚེ་རྒོལ་བཀག་སྡོམ་གྱི་ཚོགས་འདུ་དེར་མཉམ་ཞུགས་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཁྱོད་ཀྱིས་རང་དང་གོ་གནས་འདྲ་མཉམ་གྱི་བུད་མེད་ཅིག་གི་མདུན་དུ་སོ་སོ་གོ་གནས་མཐོ་བ་ཡོད་པའི་རྣམ་འགྱུར་བསྟན་པ་དེས་སྲིད་དབང་སྒེར་པ་དེར་བུད་མེད་ལ་བཙན་གནོན་དང་གཉན་གནོན་བྱེད་ཆོག་པའི་གདེང་སྤོབས་ཤིག་སྐྱེ་རུ་བཅུག་པ་རེད། ཁྱོད་ཀྱིས་ཨེར་དྷོ་གྷན་ལ་ཏུར་ཀིའི་བུད་མེད་ཚོར་གཉན་གནོན་བྱེད་ཆོག་པའི་བློ་སྤོབས་བྱིན་པ་རེད་ཅེས་བཀོད། ཁ་སང་གཟའ་མིག་དམར་གཅིག་པུར་ཡུ་རོབ་རྒྱལ་ཁབ་ཁག་གི་བུད་མེད་ཁྲི་ཚོ་གཅིག་ལྷག་གིས་ཆལ་སི་མཱེ་ཁལ་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་ལས་གནས་ནས་དགོངས་པ་ཞུ་དགོས་པའི་སྙན་ཞུ་ལ་མིང་རྟགས་བཀོད་འདུག

ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་གཙོ་འཛིན་མཱེ་ཁལ་གྱིས་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ངས་ཨུར་སུ་ལར་སྣང་མེད་བཏང་ནས་གུས་ཞབས་མ་བྱས་པ་རེད་ཟེར་བའི་སྐད་ཆ་དེ་རྣམས་བདེན་པ་མིན། དེ་ནི་བློ་ཕམ་དང་ཡིད་སྐྱོ་དགོས་པའི་སྐད་ཆ་ཞིག་རེད། མི་ཚོས་བརྙན་འཕྲིན་ནང་དུ་མཐོང་བ་ལྟར་མ་རེད། སྐབས་དེའི་གནས་སྟངས་ལ་བཅོས་ཐབས་མེད་པ་ཞིག་ཏུ་གྱུར་སོང་ཞེས་རྒྱུ་མཚན་བགྲངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཐོབ་ཐང་ལྷན་ཚོགས་དང་རྒྱལ་སྤྱིའི་བུད་མེད་ཀྱི་ཁྲིམས་ལུགས་ལྷན་ཚོགས་ཀྱང་མཚན་རྟགས་བསྡུ་རུབ་དེར་མཉམ་ཞུགས་བྱས་ཤིང་། ཨུར་སུ་ལ་ནི་ཡུ་རོབ་མཉམ་འབྲེལ་གྱི་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་ལ་འདེམས་ཐོན་བྱུང་བའི་བུད་མེད་འགོ་ཁྲིད་དང་པོ་དེ་ཡིན་པར་མ་ཟད། ནེ་དྷར་ལན་ཌིའི་གྲོས་ཚོགས་ཀྱི་བུད་མེད་འཐུས་མི་ཞིག་གིས་ཨུར་སུ་ལར་མཐོང་ཆུང་བྱས་པ་མངོན་གསལ་དོད་པོ་རེད། སྐབས་དེར་བུད་མེད་གཅིག་ལས་མེད་པ་དེར་མཐོང་ཆུང་བྱས་པ་ནི་ཕོ་མོ་འདྲ་མཉམ་ཟེར་བའི་སྐད་ཆ་དེར་དོགས་གཅོད་བྱ་དགོས་པ་ཞིག་ཏུ་གྱུར་སོང་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཡུ་རོབ་གྲོས་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་པ་དང་དམངས་གཙོ་རིང་ལུགས་པའི་འཐུས་མི་ཚོས་ཏུར་ཀི་རྒྱལ་ཁབ་དེའི་ཨི་སི་ཊན་བྷུལ་གྲོང་ཁྱེར་དུ་འཚོགས་རྒྱུའི་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འདུ་དེ་ནས་ཕྱིར་འཐེན་བྱས་པ་རེད། དེ་ནས་གཞུང་འབྲེལ་གྱི་འཚམས་འདྲིའི་སྐབས་སུ་བུད་མེད་གཅིག་ལས་མེད་པའི་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་དེར་རྐུབ་བཀྱག་མེད་པར་བཞག་པ་རེད། འདི་ནི་ངོ་ཚ་དགོས་པ་ཞིག་རེད་ཅེས་ཁ་རྡུང་དྲག་པོ་བཏང་འདུག བདུན་ཕྲག་སྔོན་མར་མཱེ་ཁལ་གྱིས་འཇར་མན་ཎིའི་གསར་ཤོག་ཅིག་གི་གསར་འགོད་པར་ང་ལ་བཅོས་ཐབས་ཤིག་ཡོད་ན་དེ་ལ་བསྐྱར་བཅོས་བྱེད་ས་རེད། ཏུར་ཀིའི་གནས་ཚུལ་དེ་བྱུང་ནས་བཟུང་སྟེ་སྣང་བརྙན་དེ་ཉིད་ཡང་ནས་ཡང་དུ་ངའི་སྣང་ཡུལ་དུ་ཤར་ཏེ་མཚན་ལ་གཉིད་ཀྱང་ཁུག་ཐུབ་ཀྱི་མི་འདུག་ཅེས་བཤད།།

ཏུར་ཀིའི་གཞུང་གིས་ང་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ལས་སྣེ་ཚོས་རྐུབ་བཀྱག་བཀོད་སྒྲིག་བྱེད་ཕྱོགས་ལ་རེ་བ་བཏོན་པ་ལྟར་རྐུབ་བཀྱག་བསྒྲིགས་པ་ཡིན། ཏུར་ཀིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་བུད་མེད་རེད་ཅེས་མཐོང་ཆུང་བྱས་བཞག་པ་ཅི་ཡང་མེད་ཅེས་བསྒྲགས། ཡིན་ནའང་ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་འགྲོ་ལུགས་བཀོད་སྒྲིག་པ་མཱ་རོ་ཡིས་ང་ཚོ་ལྷན་འཛོམས་གྲོས་མོལ་གནང་ཡུལ་དེར་བལྟ་རུ་བཅུག་མ་སོང་། གལ་སྲིད་ང་ཚོས་རྐུབ་བཀྱག་འོས་འཚམས་ཤིག་བསྒྲིགས་མེད་པ་མཐོང་ཡོད་ན་ཏུར་ཀིའི་གཞུང་ལ་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་རྐུབ་བཀྱག་གཉིས་བསྒྲིག་དགོས་པའི་འགྲེལ་བཤད་རྒྱག་ཆོག་གི་རེད་ཅེས་བཤད། སྔོན་ཆད་ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་གི་གཙོ་འཛིན་སྐྱེས་པ་ཞིག་ཡིན་པའི་སྐབས་དེར་ཏུར་ཀིའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་གཉིས་ལ་རྐུབ་བཀྱག་གཉིས་དང་སྲིད་འཛིན་ཨེར་དྷོ་གྷན་ལ་རྐུབ་བཀྱག་གཅིག་བཅས་རྐུབ་བཀྱག་གསུམ་མཉམ་དུ་བསྒྲིགས། ཡུ་རོབ་མཉམ་འབྲེལ་སློབ་སྟོན་ལྷན་ཚོགས་ནི་རྒྱལ་ཁབ་༢༧་གྱི་མཉམ་འབྲེལ་སྒྲིག་འཛུགས་དེའི་སྲིད་ཇུས་གཏན་འབེབས་དང་ལམ་སྟོན་བཅས་ཀྱི་འགན་དབང་འཛིན་པའི་ལྷན་ཚོགས་ཤིག་ཡིན་ཞིང་། ཡུ་རོབ་མཉམ་འབྲེལ་འཛིན་སྐྱོང་ལྷན་ཁང་ནི་སློབ་སྟོན་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་རྣམས་ལག་བསྟར་དང་ཡུ་རོབ་མཉམ་འབྲེལ་ལ་བཅའ་ཁྲིམས་གསར་པ་གཏན་འབེབས་དགོས་པའི་གྲོས་གཞི་འདོན་པ་སོགས་ཀྱི་འགན་དབང་ཡོད་པའི་ལྷན་ཁང་ཞིག་རེད། ཕྱི་ཟླ་༤་པའི་ཚེས་༡༣་ཉིན་མཱེ་ཁལ་དང་ཨུར་སུ་ལ་གཉིས་ཀ་ཡུ་རོབ་གྲོས་ཚོགས་སུ་བཅར་ནས་གདན་ཐོབ་གཏན་འབེབས་ཀྱི་ཉན་ཞིབ་ཚོགས་འདུར་ཞུགས་འདུག

XS
SM
MD
LG