ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་རོབ་གྲོས་ཚོཊ་ཀྱི་འོས་བསྡུའི་སྐབས་སུ་གཡས་ཐལ་ཅན་ཚོ་སྟོབས་ཤུགས་རྒྱས།


ཡུ་རོབ་གྲོས་ཚོཊ་ཀྱི་འོས་བསྡུའི་སྐབས་སུ་གཡས་ཐལ་ཅན་ཚོ་སྟོབས་ཤུགས་རྒྱས།
ཡུ་རོབ་གྲོས་ཚོཊ་ཀྱི་འོས་བསྡུའི་སྐབས་སུ་གཡས་ཐལ་ཅན་ཚོ་སྟོབས་ཤུགས་རྒྱས།

༄༅།། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱས་ནས་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལངས་ཕྱོགས་འཛིན་པའི་ཤོག་ཁག་དེར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཀྱང་ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་སོགས་སུ་གཡས་ཐལ་ཅན་གྱི་སྲིད་དོན་ཚོགས་པ་ཁག་སྟོབས་ཤུགས་རྒྱས། ཕྱི་ཟླ་༦་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་ལ་འཐུས་མི་༧༢༠་ཐམ་པའི་གདན་གྲངས་ཡོད་པ་དེར་རྒྱལ་ཁབ་༢༧་ཀྱི་མི་མང་དུང་ཕྱུར་༤་དང་བྱེ་བ་༥་ལྷག་གིས་འོས་ཤོག་འཕངས། ད་ལོའི་འོས་བསྡུའི་སྐབས་སུ་གཡས་ཐལ་གྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུ་ཐེངས་སྔོན་མའི་སྐབས་ལས་ཀྱང་འོས་ཤོག་མང་བ་ཐོབ། ཁ་སང་གི་འོས་བསྡུའི་རྗེས་སུ་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་གྲོས་ཚོགས་ཕྱིར་བསྡུར་བྱས་ནས་རྒྱལ་ཡོངས་འོས་བསྡུ་སྔ་སྣུར་བྱས་ཏེ་ཟླ་བ་འདིའི་ཚེས་༣༠་ཉིན་ཧྥ་རན་སིར་སྤྱི་ཡོངས་འོས་བསྡུ་བྱ་རྒྱུའི་ཐག་བཅད།།

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཛིའི་
ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཛིའི་

ཧྥ་རན་སི་དང་འཇར་མན་ཎི་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པས་རྒྱལ་ཁབ་དེ་དག་གི་གཡས་ཐལ་སྲིད་དོན་ཚོགས་པ་ཁག་སྟོབས་ཤུགས་རྒྱས་པ་དེས་ཡུ་རོབ་གྲོས་ཚོགས་སུ་ལངས་ཕྱོགས་གཅིག་གྱུར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་ཐུན་མིན་ངེས་གཏན་མེད། ཧྥ་རན་སི་དང་འདྲ་བར་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཛིའི་སྤྱི་ཚོགས་དམངས་གཙོ་ཚོགས་པར་སྔར་ལྟར་འཐུས་མི་གྲངས་མང་འོས་ཤོག་མ་ཐོབ་པར་རྙིང་ཞེན་ཅན་དང་གཡས་ཐལ་ཤོག་ཁག་ལ་འོས་ཤོག་མང་བ་ཐོབ་འདུག ཨི་ཊ་ལིའི་རྙིང་ཞེན་གྱི་ལྟ་བ་འཛིན་པའི་ཤོག་ཁག་དེ་ཚོར་སྟོབས་ཤུགས་རྒྱས་ནས་སྲིད་བློན་འཇོར་ཇཱི་ཡ་མེ་ལོ་ཎིའི་གཡས་ཐལ་ཚོགས་པའི་རྩ་བ་བརྟན་དུ་སོང་། པོ་ལན་ཌི་དང་སི་པེན་གཉིས་ཀྱི་གཞུང་འཛིན་ཚོགས་པའི་འཐུས་མི་ཚོར་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

ཨི་ཊ་ལིའི་སྲིད་བློན་འཇོར་ཇཱི་ཡ་མེ་ལོ་ཎིའི་
ཨི་ཊ་ལིའི་སྲིད་བློན་འཇོར་ཇཱི་ཡ་མེ་ལོ་ཎིའི་

ཡུ་རོབ་གྲོས་ཚོགས་སུ་གཡས་ཐལ་ཅན་གྱི་འཐུས་མི་མང་དུ་ཕྱིན་ན་འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་དང་བཟོ་ལས་ཡར་རྒྱས། ཡུ་རོབ་མཉམ་འབྲེལ་གྱི་བདེ་འཇགས་སྲུང་སྐྱོབ། ཨ་རི་དང་རྒྱ་ནག་ལ་ཚོང་ལས་དང་དཔལ་འབྱོར་ཐོག་ཏུ་འགྲན་སྡུར་ནུས་པ་ཐོན་པ་ཞིག་བྱེད་ཐུབ་རྒྱུ་དཀའ་ངལ་ཞིག་ཏུ་འགྱུར་སྲིད། གཡས་ཐལ་ཅན་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ཁྲིམས་དང་སྲིད་ཇུས་གཏན་འབེབས་བྱེད་ཕྱོགས་ལ་ནུས་པ་ཅི་ཙམ་ཐོན་རྒྱུ་ཡིན་མིན་ནི་ཚོགས་པ་དེ་དག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅིང་། ད་ལྟའི་ཆར་ཡུ་རོབ་གྲོས་ཚོགས་ཀྱི་གཡས་ཐལ་ཅན་ཚོ་ཤོག་ཁག་གཉིས་སུ་ཆད། འཐུས་མི་ཁག་ཅིག་ཤོག་ཁག་གང་གི་ཁོངས་སུའང་མ་ཞུགས་པར་ཟུར་དུ་བསྡད། ཡུ་རོབ་མི་དམངས་ཚོགས་པ་ཞེས་པའི་ཤོག་ཁག་དེར་གདན་གྲངས་༥་འཐོལ་པ་ཐོབ་སྟེ་ཨུར་སུ་ལ་ཝོན་ཌར་ལེ་ཡན་སླར་ཡང་ལོ་ལྔར་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་དུ་བསྐོ་རྒྱུའི་རྣམ་པ་ཐོན།།

ཡུ་རོབ་མི་དམངས་ཚོགས་པ་ཞེས་པའི་ཤོག་ཁག་དེར་གདན་གྲངས་༥་འཐོལ་པ་ཐོབ་སྟེ་ཨུར་སུ་ལ་ཝོན་ཌར་ལེ་ཡན་
ཡུ་རོབ་མི་དམངས་ཚོགས་པ་ཞེས་པའི་ཤོག་ཁག་དེར་གདན་གྲངས་༥་འཐོལ་པ་ཐོབ་སྟེ་ཨུར་སུ་ལ་ཝོན་ཌར་ལེ་ཡན་

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་༢༧་ཀྱི་མང་ཚོགས་ནས་དཔལ་འབྱོར་དང་ཕྱི་མི་གཞིས་ཆགས་པ། རྒྱལ་སྤྱིའི་འཁྲུག་རྩོད་གསུམ་གཙོ་བོར་བཟུང་སྟེ་འོས་ཤོག་འཕངས་འདུག ཡུ་རོབ་གྲོས་ཚོགས་སུ་གསར་དུ་འདེམས་ཐོན་བྱུང་བའི་འཐུས་མི་ཚོས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་བཞིན་པ་འགོག་ཐབས་ལ་རྒྱབ་སྐྱོར་མི་བྱེད་པ་དང་ཕྱིའི་རྒྱལ་ཁབ་ཁག་ནས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་ཕྱི་མི་གཞིས་ཆགས་པ་ཡོང་གི་ཡོད་པ་འགོག་ཐབས། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ཀྱང་ཕུ་ཊིན་གྱི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར། ཡུ་རོབ་གྲོས་ཚོགས་ཀྱི་གཡས་ཐལ་གྲོས་ཚོགས་མི་ཁག་ཅིག་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས། ཁོ་ཚོས་ཚོང་ལས་དང་རྒྱལ་ཁབ་བྱེ་བྲག་པའི་ཁེ་ཕན་གཙིགས་སུ་བཟུང་སྟེ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལྟ་གྲུབ་ལ་གོང་བཀུར་མི་བྱེད་པའི་ཉེན་ཁ་ཤིན་ཏུ་ཆེ།།

ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུར་ཞིབ་འཇུག་བྱེད་མཁན་ཚོས་འཇར་མན་ཎི་དང་ཧྥ་རན་སི། ཨི་ཊ་ལི་དང་སི་པེན། པོ་ལན་ཌི་དང་སུད་ཌེན་བཅས་རྒྱལ་ཁབ་ལྔའི་ནང་དུ་མི་མང་འོས་ཤོག་འཕེན་མཁན་༦༠༠༠་ལ་སྐད་ཆ་དྲིས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་གིས་མང་ཚོགས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་དགོས་པ་དང་ཡུལ་ཐང་འཕར་ཡོད་པ་གཅོག་ཐབས་བྱ་རྒྱུ་ཨང་དང་པོར་བརྩིས། རྒྱལ་སྤྱིའི་ཚོགས་འཁྲུག་རྩོད་ཁག་ཞི་འཇམ་གཏོང་རྒྱུ་ཨང་གཉིས་པ་དང་ཕྱི་མི་གཞིས་ཆགས་པ་འགོག་ཐབས་བྱ་རྒྱུ་ཨང་གསུམ་པར་བརྩིས། འཛམ་གླིང་གི་སའི་གོ་ལའི་གཤམ་གཤིས་འགྱུར་ལྡོག་ཐེབས་ཏེ་ཚ་དྲོད་འཕེལ་གྱི་ཡོད་པ་འགོག་ཐབས་བྱ་རྒྱུ་ཨང་བཞི་པར་བརྩིས་ཤིང་། དེ་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་སྔོ་ལྗང་ཚོགས་པ་ཚོགས་པ་ཁག་སྟེ། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གི་རྩ་དོན་ལ་མང་ཚོགས་དོ་སྣང་ཆུང་དུ་ཕྱིན་པ་ནི་ཕམ་ཉེས་ཆེན་པོ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་སུ་ཨི་ཊ་ལིའི་སྲིད་བློན་མེ་ལོ་ཎིའི་གཡས་ཤོག་ཚོགས་པར་འོས་ཤོག་བརྒྱ་ཆ་༢༨་ཐོབ་སྟེ་རྒྱལ་ནང་དུ་སྲིད་བློན་མེ་ལོ་ཎིའི་སྲིད་དབང་སྲ་བརྟན་དུ་ཕྱིན་ཡོད་པར་མ་ཟད། ཨི་ཊ་ལིའི་གཡས་ཐལ་ཚོགས་པས་ཡུ་རོབ་མཉམ་འབྲེལ་གྱི་ནང་དུ་ཤུགས་རྐྱེན་རྒྱ་བསྐྱེད། ཨི་ཊ་ལིའི་གཡས་དཀྱིལ་དམངས་ཚོགས་པར་འོས་ཤོག་བརྒྱ་ཆ་༢༤་དང་ཕྱེད་ཀ་ཐོབ་པ་དང་སྐར་ལྔའི་ལས་འགུལ་ཚོགས་པར་འོས་ཤོག་བརྒྱ་ཆ་༡༠་དང་ཕྱེད་ཀ་ལས་ཐོབ་མེད་པས་ཕམ་ཉེས་ཆེན་ཞིག་ཏུ་གྱུར། ཨི་ཊི་ལིའི་ལྷོ་ཕྱོགས་སུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་མ་ཚོགས་སྔོན་འདིར་སྲིད་བློན་མེ་ལོ་ཎིས་ང་ཚོའི་སྲིད་གཞུང་སྔར་ལས་སྲ་བརྟན་དུ་ཕྱིན་པར་སྤོབས་པ་ཡོད། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུ་དེའི་གྲུབ་འབྲས་ནི་ངོ་མཚར་སྐྱེ་འོས་པ་ཞིག་རེད། ངས་སྟོབས་ཤུགས་དེ་མ་འོངས་པར་བསམ་བློ་བཏང་ནས་བཀོལ་སྤྱོད་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝོ་ལོ་ཌིན་
ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝོ་ལོ་ཌིན་

ཕྱི་ཟླ་༦་པའི་ཚེས་༡༠་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་ལ་ཨུ་རུ་སུ་དགའ་མོས་བྱུང་སྟེ་སྤྲོ་བས་བརྟས། ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཝོ་ལོ་ཌིན་གྱིས་ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎིའི་སྲིད་བློན་གཉིས་དབང་ཤུགས་ཆུང་ཆུང་ཞིག་ལ་བརྟེན་ནས་བསྡད་འདུག ཧྥ་རན་སིའི་སྲིད་འཛིན་གྱིས་འོས་བསྡུ་སྔ་སྣུར་བྱས་པ་ནི་འུ་ཐུག་གི་བྱ་བ་ཞིག་རེད། མེཀ་རོན་དང་ཤོལ་ཛི་གཉིས་ཀྱིས་རང་གི་ལས་གནས་ནས་དགོངས་པ་ཞུས་ཏེ་མི་དམངས་ལ་ཁྱད་གསོད་བྱ་རྒྱུ་མཚམས་བཞག་ན་དགེ་མཚན་ཆེ། ཧྥ་རན་སི་དང་འཇར་མན་ཎིའི་དཔལ་འབྱོར་ནི་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་སོ་སོའི་ཁེ་ཕན་དང་རྒྱབ་འགལ་རེད། རྒྱལ་ཁབ་དེ་ཚོར་ཕྱི་མི་གཞིས་ཆགས་པ་ལུག་ཡོང་གི་ཡོད་པ་རེད་ཅེས་བསྒྲགས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཡུ་རོབ་མཉམ་འབྲེལ་གྱི་དབུ་མའི་ཚོགས་པར་འོས་ཤོག་མང་བ་ཐོབ་ཀྱང་གཡས་ཐལ་ཚོགས་པ་རྗེས་ཟིན་གྲབས་འདུག་ཅེས་དགའ་སྣང་བསྟན།།

ཨུ་རུ་སུའི་ཉམས་ཞིབ་པ་སར་གྷེ་མར་ཀོབ་ཀྱིས་སྲིད་འཛིན་མེཀ་རོན་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མང་ཚོགས་དགའ་མོས་མེད་པར་ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་སུ་ཧྥ་རན་སིའི་གཡས་ཐལ་ཅན་ཚོ་སྟོབས་ཤུགས་རྒྱས་པ་རེད། ཧྥ་རན་སིའི་མི་དམངས་ལ་ཨུ་རུ་སུར་དགྲ་རུ་འཛིན་འདོད་མེད་པ་སྲིད་འཛིན་མེཀ་རོན་གྱི་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་ཅེས་བཀྲལ། ཨུ་རུ་སུའི་ཊ་སི་གསར་འགྱུར་ལས་ཁང་གིས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོའི་སྲིད་ཇུས་འཛིན་ཕྱོགས་ལ་མང་ཚོགས་དགའ་མོས་མེད་པ་གསལ་སྟོན་བྱུང་བ་རེད། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌར་ལི་ཡེན་སོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཡུཀ་རེན་རིམ་གྱིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་འཆར་ཡོད་པར་མང་ཚོགས་ཀྱི་རྒྱབ་སྐྱོར་མི་འདུག ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་བར་ངོ་རྒོལ་བྱེད་མཁན་ཕྱོགས་འགལ་ཚོགས་པ་ཁག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུའི་ནང་དུ་རྒྱལ་ཁ་ཐོབ་འདུག་ཅེས་གསར་འགྱུར་སྤེལ།།

གླེང་སྟེགས།

XS
SM
MD
LG